R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༣༩
[A:༥༣༩]ཞུས་ངོར་གནས་དེར་བཞུགས་ཞག་གསུམ་མཛད། འདུས་སྡེར་མང་འགྱེད་གྱ་ནོམ་པ་དང་ཁྲོམ་དབང་གནང་བའི་སྐབས་ཆོས་སྐྱོང་ཉིད་ནས་གོས་ཆེན་གྱི་རྒྱལ་མཚན་ཞིག་ལ་བཀྲས་བཏགས་བཏགས་པ་ཞིག་ཕུལ་ཏེ་སྐུ་ཕེབས་ཐོག་ནས་ཆོས་གསན། ལྕོག་ཏུ་གསུངས་བསྐང་བཅས་བཀྲ་ཤིས་འཐོར་ནས་སོགས་ཆོས་སྐྱོང་གི་དགོངས་བཞེད་ལྟར་གནང་མཚམས་ཆོས་སྐྱོང་ནས་ཀྱང་དར་དཀར་གསེར་སྲང་སོགས་འབུལ་བ་རྒྱ་ཆེན་དང་བཅས་ཆོས་སྲིད་རིམ་གྱིས་དར་ཞིང་གེགས་དང་བར་གཅོད་མེད་པ་སོགས་ཀྱི་ལུང་བསྟན་ཕུལ། དེ་ནས་ཆིབས་བཏེགས་པས་ཆོས་སྐྱོང་ནས་སྐྱེལ་ཐུང་དང་ལྕོག་གི་རྩེ་ནས་དར་དཀར་གཡབ་མོ་སོགས་ཀྱི་རྟེན་འབྲེལ་བསྒྲིག གོང་དཀར་ཆོས་སྡེར་བཞུགས་ཞག་གསུམ་དུ་ཉིན་རེ་བཞིན་མང་འགྱེད་རྒྱས་པ་རེ་དང་ཁྲོམ་དབང་སོགས་བསྩལ། ཕྱི་ནང་གི་རྟེན་རྣམས་ལ་མཆོད་འབུལ་བཅས་ཞིབ་མཇལ་མཛད། གྲྭ་ཚང་སྤྱི་སྒེར་ནས་ཀྱང་ཞབས་བརྟན་དང་སྦྲེལ་བའི་འབུལ་ནོད་ཚན་ཆེ་བ་བྱུང་། གསང་བའི་མགོན་ཁང་དུ་གཏོར་གཞི་གསར་འཛུགས་བཅས་གསུང་བསྐང་འཕྲིན་བཅོལ་རྒྱས་པར་གནང་། དེ་ནས་ཆིབས་བཏེགས་ཏེ་ཐར་པ་གླིང་དུ་གླིང་ཞབས་དྲུང་དཔོན་གཡོག་མཇལ་ཁར་འབྱོར་བར་ཆོས་འབྲེལ་སོགས་ཐུགས་མཉེས་མཛད། དེ་གའི་མཁན་གྲྭ་ནང་ལེགས་རང་མེད་པར་ཞལ་ཏ་ཕེབས་པས་དེ་ཕྱིན་