[A:༥༤༢]ཞལ་བ་ལོགས་བྲིས་བཅས། གློ་འབུར་ཟུར་ཆེན་གཉིས་སུ་གསེར་གྱི་རྒྱལ་མཚན་ཕལ་ཐོག་ཕྱེད་གསུམ་རེ་ཡོད་པ་དང་། གློ་འབུར་དབུས་ཀྱི་གསེར་འཕྲུ་ཆེ་བ། གན་མཛོད་ཆེན་མོར་དངོས་གྲུབ་འབྱུང་བའི་ལྷའི་སྐུ་བརྙན་དུ་མར་སྐུ་རྒྱུ་དང་གཟུངས་འབུལ་ཚད་ལྡན་རྣམས་རབ་གནས་སྨིན་རྒྱས་བཅས་བསྒྲུབ་གནང་གི་གནམ་སའི་རྒྱན་དང་མཆོད་རྒྱུན་སོགས་རྨད་དུ་བྱུང་བ་མཛད། གུར་པ་བླ་མ་དཔོན་གཡོག་རྣམས་ཀྱིས་གསོལ་བ་བཏབ་ངོར་རྡོ་རྗེ་གཞོན་ནུའི་སྟོད་ལས་ཀྱི་དབང་། མགོན་པོ་ཁྲོ་བཅུའི་རྗེས་གནང་སོགས་རེ་སྐོང་དུ་བསྩལ།
ཟླ་བ་དྲུག་པའི་ནང་ཆོས་གྲྭ་ལྷོ་བྱང་གཙོར་གྱུར་གྱི་མང་བ་རྣམས་ལ་གསང་འདུས་ཀྱི་དབང་ཆེན་བཀའ་དྲིན་བསྐྱང་ཚེ། དགོང་ཅིག་མནལ་ལམ་དུ་ཡབ་རྗེ་དམ་པ་དེ་ཉིད་གསལ་པོར་མཇལ་བའི་ཞལ་ནས། ཞབས་དྲུང་དེང་སང་ཅི་མཛད་ཀྱིན་ཡོད་གསུངས་པར། རྗེ་ཉིད་ནས་བདག་དེང་སང་གསང་འདུས་ཀྱི་དབང་ཞིག་བྱེད་སྐབས་ལགས་ཞུས་པས། དེ་ཤིན་ཏུ་ལེགས་འོན་ཀྱང་སྙིགས་དུས་འདིར་ཆོས་སྒྲུབ་ལ་བར་གཅོད་ཆེ་ཡང་། ཁྱེད་རང་གུ་རུ་མཚོ་སྐྱེས་རྡོ་རྗེས་རྗེས་སུ་བཟུང་བས་མཁའ་འགྲོ་སྡེ་ལྔས་འབྲལ་མེད་གེགས་དང་བར་གཅོད་སྲུང་བར་འདུག་པས་སྐྱོན་མི་འབྱུང་། ད་དུང་ཆོས་འཆད་པ་ལ་རེམ་མཛོད་གསུངས་ནས།