R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༤༣
[A:༥༤༣]གོས་ལྗང་གུ་ལ་དྲིལ་བའི་བསེ་སྒམ་ཞིག་གི་ནང་ཤེལ་བུམ་ནོར་བུའི་ཁ་རྒྱན་ཅན་ཞིག་གི་ཁ་རྒྱན་གྱི་མཚམས་ནས་བདུད་རྩི་ཆིལ་ཆིལ་ལུད་པ་ཞིག་གནང་བྱུང་། བདུད་རྩི་དེ་གསོལ་བས་རོ་མངར་ཉམས་དང་མཆོག་ཐུན་དངོས་གྲུབ་ཐོབ་པ་ཡིན་སྙམ་པའི་ཐུགས་ལ་བདེ་སྤྲོ་དཔག་ཏུ་མེད་པ་ཞིག་བྱུང་། དགུང་གྲངས་ཞེ་ལྔ་པར་ལྷ་ཆེན་མཐིལ་གཡབ་ཀྱི་ལེགས་བྲིས་དཀྱིལ་འཁོར་ཆེན་པོ་དྲུག་ཅུ་རེ་གཅིག བདེ་དགྱེས་གསང་གསུམ་བླ་བརྒྱུད། སོ་ཐར་བརྒྱུད་པ། ས་སྐྱའི་གདུང་རབས། གཞན་ཡང་རྒྱལ་བ་སྲས་བཅས་ཆོས་སྲུང་སོགས་ཚར་དུ་དངར་བ་མཐར་ཕྱིན་བསྐྲུན། འདི་མཚམས་ཀྱང་སྔ་སོར་པདྨ་རྒྱལ་པོ་ཁུ་མཚན་འབྲུག་པ་ནས་ཐོན་ཏེ་གཞུང་དུ་ཕྱག་འབུལ་ལ་འོང་རྒྱུའི་ལམ་བར་ཆུ་མིག་ཤེལ་མགོ་ནས་ལམ་སྒུག་གིས་བསད་པའི་འཁོན་ལན་ཏུ། འབྲས་ལྗོངས་དགེ་འབྲུག་སྤྱི་སྡིང་དུ་ཡོད་པ་འབྲུག་པས་སྒེར་བདག་མཛད་པ་སོགས་ཀྱིས་གཞུང་ནས་དཔུང་འཇུག་མཛད་པར་འདུམ་ཆིངས་ལ་ཤར་མར་ཆིབས་བཏེགས་ནས་ཕག་རིར་ཕེབས་ཏེ་འབྲུག་ཕྱོགས་ལ་བསྐོར་ཡངས་མཛད་ཀྱང་། འབྲུག་སྡེ་པ་དགེ་འདུན་ཆོས་འཕེལ་ང་རྒྱལ་ཆེ་བས་རང་ཕུང་འདོད་པ་ལྟ་བུས་ཁྱོད་འཆིང་པ་བླ་མ་ཚོ་མི་དགོས་རྫོགས་པའི་སངས་རྒྱས་གཙུག་ཏོར་སྔོ་ཀེར་རེ་ཕེབས་བྱུང་ཡང་། འབྲས་ལྗོངས་འདི་ངེད་ཀྱི་དཔུང་གིས་བླངས་