R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༤༡
[A:༥༤༡]ལས་འདས་པ་བྱུང་། རིམ་གྱིས་གདན་སར་ཕེབས། འདི་ལོ་ཁམས་གསེར་མདོག་བླ་མ་དང་སྐུ་སྐྱེ་སོགས་ཀྱིས་གསོལ་བ་བཏབ་ངོར་གསུང་ངག་རིན་པོ་ཆེ་ཁྲིད་གཞུང་སྨིན་རྒྱས་ལ་རྒྱབ་བརྟེན་ལུང་གི་སྐོར་ཆེ་ལོང་བཅས་བཀའ་དྲིན་བསྩལ། གསུང་ངག་གྲོལ་ཉིན་སྨོན་གྲོལ་གླིང་གཏེར་ཆེན་རིན་པོ་ཆེ་ནས་གསུངས་ཤོག་དང་རཏྣ་གླིང་པའི་གཏེར་བྱོན་སློབ་དཔོན་གྱི་སྐུ་མཐོང་གྲོལ་ཆེན་མོ་འབུལ་མི་འབྱོར་བའང་དངོས་གྲུབ་ཏུ་དགོངས། དེ་མཚམས་ཤབ་ཏུ་ཆིབས་བསྒྱུར་གནང་སྟེ་དགེ་སྡིངས་ཕོ་བྲང་གི་གསང་བའི་མགོན་ཁང་དང་ཌ་ཌིའི་མགོན་ཁང་སྲིད་གསུམ་ཟིལ་གནོན་སོགས་སུ་གཏོར་གཞི་གསར་འཛུགས་བཅས་གསུང་བསྐང་འཕྲིན་བཅོལ་སྨིན་རྒྱས་གནང་། རང་ཞབས་དང་ཕྱོགས་འདུས་ཀྱི་ཁྲོམ་ཚོགས་དམར་ནག་ལའང་དབང་བཀའ་སྐུ་དྲིན་བསྩལ། ས་ཕྱོགས་ཞབས་ཀྱིས་བཅགས་ཤིང་ཕྱག་ནས་འཐོར་བས་བྱིན་གྱིས་བརླབས་པར་མཛད་ནས་གདན་སར་ཕེབས། དགུང་གྲངས་ཞེ་བཞི་པར་གཞུང་ས་མཆོད་ཡོན་ནས་ལོ་ངོ་གསུམ་ལ་ཨར་པོ་ཆེ་ཆུང་སོགས་བྱས་མི་ཆོག་པའི་རྒྱ་སྡེམ་མཛད་པར་རྗེ་ཉིད་ནས་དགོངས་ཁྲོལ་ཞུ་བར་མཛད་དེ་གསང་སྔགས་བདེ་ཆེན་གླིང་གི་ལྕགས་རི་གྲ་ཤག་རྣམས་དང་། གྲགས་སེང་སྐུ་འབུམ། ལྷ་ཁང་ཆེན་མོའི་སྟེང་གཡབ། ཁོར་ཡུག་ལྡེབ་མཐིལ་