[A:༥༤༥]ཉིད་ནས་གདན་ས་འདི་ཉིད་བསྟན་འགྲོ་རིས་མེད་སྤྱི་མཆོད་ཀྱི་གཞི་རྟེན་སྔར་རྒྱུན་གནས་ཚུལ་ཞིབ་གསེད་གནང་བས་གསར་འགེལ་དམག་ཁྲལ་སོགས་མེད་པར་རྒྱུན་འཇགས་བྱུང་། ལོ་འདིར་རིན་ཆེན་སྒང་བླ་བྲང་སྤང་བད་ལྕགས་རི་སོགས་ཀྱི་ཉམས་གསོ་གནང་།
དགུང་གྲངས་ཞེ་བདུན་པའི་དགུན་སྨད་བླ་བྲང་ཕུན་ཚོགས་གླིང་དུ་གཏེར་གསར་ཐུགས་རྗེ་ཆེན་པོའི་ཟུར་བཀའ་གར་དབང་ཚེ་སྒྲུབ་ཟླ་གཅིག་ཙམ་གནང་ཚེ། བུམ་ཆུ་ནང་མཆོད་སོགས་མི་འཁྱགས་པ་དང་ཐུགས་དམ་ཏིང་འཛིན་ལ་བརྟན་པ་ཐོབ་སོགས་གྲུབ་པའི་མཚན་མ་བསམ་ལས་འདས་པ་བྱུང་། སྒྲོལ་མ་ལྷ་ཁང་སྟེང་གསེར་ཟངས་ཀྱི་གཉྫི་ར་དང་རྒྱལ་མཚན་བཅས་བཟོ་བཀོད་གནང་། ཟླ་བ་ལྔ་པའི་ནང་ལྷོ་བོད་འདུམ་ཆིངས་ལ་ཕེབས་ཏེ་བཞུགས་སྒར་ཤོ་སྨུག་ཏུ་གནང་། གཞུང་འབྲུག་སྐུ་ཚབ་ཞལ་འཛོམས་ལ་ལེགས་སྤེལ་གྱི་གསུང་འདོམས་ཅི་མང་ཞིག་གནང་མཐར། རེ་ཞིག་ནས་སོ་སོས་དང་ལེན་ངོ་ཐོན་མཛད་པས་ཡང་བསྐྱར་གྱི་གསུང་ནན་ཆོད་ཁྲས་མཇུག་སྡོམ་བཅས་མཐའ་གཙང་གྲུབ་ནས་ཕར་ཕྱིར་ལམ་བར་ཀུན་ཏུ་ཡང་བསྟན་འགྲོར་སྨན་པའི་ཕྲིན་ལས་རྨད་དུ་བྱུང་བ་གནང་བཞིན་པ་ནས་གདན་སར་ཕེབས་ཏེ་ལྷ་མི་ཀུན་ལ་གཏང་རག་དགའ་སྟོན་ཕུན་སུམ་ཚོགས་པ་བསྩལ།