R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༤༦
[A:༥༤༦]དགུང་གྲངས་ཞེ་བརྒྱད་པར་བླ་བྲང་ཤར་སྟེང་གི་སྤང་སྐྱ་སྤོད་པ་འཆམ་ཁང་སྐོར་གྱི་ཉམས་གསོ། སེང་གེ་སྒོའི་ཉམས་གསོ། མ་ཎི་ཁྲི་སྐོར་འཛུགས་པ་སོགས་ཀྱི་ཞལ་བཀོད་གནང་། ཞེ་དགུ་པ་ཤིང་སྤྲེལ་ལོར་གོང་ས་རིན་པོ་ཆེ་དྲུག་པ་ཆེན་པོ་དཔོན་གཡོག་ལྔ་བརྒྱ་ལྷག་པ་གདན་སའི་གནས་གཟིགས་ལ་ཕེབས་པར། སེར་སྐྱ་བྱིངས་དམངས་ཀྱིས་ཕེབས་བསུ་སྤྱི་འགྲེ་མ་གཏོགས། རྗེ་ཉིད་དང་འཆམ་མགོན་སོགས་ཀྱིས་མདུན་བསུ་མི་དགོས་པའི་བཀུར་བཟོས་སྔ་འགྲོས་གནང་བ་བཞིན་ཐུགས་སྤྲོ་དང་བཅས་བཞུགས་ཞག་གཉིས་ལ་གསོལ་སྟོན་འབུལ་དཔངས་རྒྱ་ཆེར་མཛད། རྒྱལ་དབང་མཆོག་ནས་ཀྱང་གནང་སྐྱེས་ཕུལ་ཏུ་བྱུང་བ་དང་། རྟེན་གནས་ཞིབ་གཟིགས་ཀྱི་མཆོད་འབུལ་སྙན་ཤལ་ཡང་འགྲན་ཟླ་མེད་པར་གནང་། ལོ་འདིར་ལྷ་ཁང་ཤར་གྱི་མཎ་ཐང་ཆེན་མོ་བཟོ་བཀོད་གནང་ཚེ་ཀླུ་མོ་གདུག་པ་ཞིག་གི་འཚུབ་ལྷོང་གི་རྣམ་པས་ཡང་ཡང་ཞིག་པས་བཀའ་བསྒོ་ཕྱག་ནས་གནང་བ་ནས་ཚེགས་མེད་དུ་གྲུབ། ལྷ་ཁང་ཆེན་མོའི་ནུབ་ཟུར་གྱི་རྒྱལ་མཚན་ཆེ་ལེགས་གཉིས་ཀྱང་འདི་སྐབས་སྒྲུབ་གནང་མཛད། ངོར་མཁན་ཆེན་ཚུལ་ཁྲིམས་དཔལ་བཟང་དཔོན་གཡོག་སོགས་ལ་ཀྱཻ་རྡོར་རྒྱུ་དབང་། རྗེ་གྲོལ་མཆོག་ཞབས་ཀྱི་ཁྲིད་བརྒྱ་སོགས་དབང་ལུང་དཔག་ཏུ་མེད་པ་ཞིག་