[A:༥༤༨]གཞན་ཞིག་གིས་ཀྱང་རྒྱ་གར་གྱི་ཆུ་བོ་གངྒཱའི་རྒྱུན་ཕུལ་བས་དབང་གི་ཆུ་རྒྱུན་མི་ཉམས་པའི་རྟེན་འབྲེལ་དུ་དགྱེས་ཚོར་གནང་། གཞན་ཡང་དབང་ཁྲིད་ལུང་དང་ཕྱག་ལེན་དཔག་ཏུ་མེད་བསྩལ་ཏེ། ངོར་མཁན་ཆེན་ལ་གཞན་ལ་སྤེལ་དགོས་ཀྱི་ཞལ་གདམས་བཅས་མཛད། ལྷ་ཁང་བྱང་རྒྱུད་ཀྱི་ཀ་བ་བཅུ་གཉིས་ཀྱི་ཁྱོན་ལ་ཉམས་གསོ་གང་དགོས་དང་རྗེ་བཙུན་གོང་མ་མང་པོའི་འབུར་སྐུ་གསར་བཞེངས་མཆོད་རྒྱུན་དཔག་མེད་བཅས་བསྐྲུན། འདི་ལོ་བསྟན་འགྲོ་སྤྱིའི་ཕ་བདེ་གོང་འཕེལ་ལ་དགོངས་དུས་མདོས་ཆེན་མོ་ཡང་གཟབ་རེས་ལུགས་སུ་གནང་།
དགུང་གྲངས་ང་གཅིག་པར་ལྷ་ཁང་མཁན་ཆེན་ཀུན་དགའ་བསྟན་འཛིན་གཙོ་བོར་གྱུར་པའི་ཆོས་སྡེ་ལྷོ་བྱང་དད་འདུས་དུ་མར་གསུངས་ངག་རིན་པོ་ཆེ་སྨིན་འཁྲིད་ཆ་ལག་རྒྱབ་བརྟེན་ལུང་དང་བཅས་པ་རྒྱས་སྤྲོས་བཀའ་དྲིན་བསྩལ།
དགུང་གྲངས་ང་གཉིས་པར་རྒྱལ་དབང་རིན་པོ་ཆེ་ངག་དབང་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་གསེར་ཁྲིར་ཕེབས་པའི་ལེགས་འབུལ་ལ་དབུས་ཕེབས་ཀྱི་སྒོ་ཤར་ཏེ། མགོན་ཁང་རྣམས་སུ་ལམ་གཏོར་བཅས་དུས་ཚེས་དགེ་བར་ཆིབས་བཏེགས། ཕེབས་ལམ་གྱི་རྟེན་གནས་རྣམས་ལ་མཆོད་འབུལ་སྨོན་ལམ་དང་ལྷ་སྡེ་མི་སྡེ་མཐའ་དག་ལ་ཆོས་དང་ཟང་ཟིང་གིས་རེ་སྐོང་འབྲས་ཚད་དོན་