[A:༥༤༩]ལྡན་དུ་སྩོལ་བཞིན་པས་གཞུང་ཞབས་རིན་པོ་ཆེ་རྩེ་ཤོད་ནས་ཕེབས་བསུ་གྲངས་མང་ཐབ་འཛིན་བཅས་རིམ་གྱིས་ལྷ་སར་ཕེབས། དེ་མ་ཐག་གཞུང་ནས་གསོལ་ཆས་གཟན་ཤིང་སོགས་སྤོམ་མཐོར་སྩལ་ཞིང་། དུས་ཚེས་ལེགས་པ་དང་བསྟུན་པའི་མཆོད་ཡོན་ཉི་ཟླ་ཟུང་མཇལ་ཁ་རྒྱུན་རིང་གསུང་མོལ་ཞིབ་ལྷུག་གསོལ་སྟོན་སོགས་རྒྱས་པར་གནང་སྟེ་བཞུགས་སྒར་དུ་ཕེབས། འབྲུག་ཐམས་ཅད་མཁྱེན་པས་འབུལ་ཆེན་དང་བཅས་གསོལ་བ་བཏབ་ངོར་སྒྲོལ་དཀར་རྗེས་གནང་ཞིག་ཀྱང་བསྩལ། གཞན་ཡང་མཆོག་དམན་སྐྱེ་དགུ་དུ་མར་ཆོས་བཀའ་འགའ་ཞིག་གནང་། སླར་ཡང་གཞུང་ཞབས་རིན་པོ་ཆེ་མཆོད་ཡོན་ནས་བཞུགས་གྲལ་ཐུགས་སྤྲོའི་ཐོག་གནང་སྐྱེས་རྒྱ་ཆེར་བསྩལ། པོ་ཏ་ལ་དང་ལྷ་སའི་རྟེན་གསུམ་ཞིབ་མཇལ་མཆོད་འབུལ་སྨོན་ལམ་བཅས་མཛད། གཞུང་ཞབས་རིན་པོ་ཆེའི་ཕེབས་སྐྱེལ་སོགས་སྔར་རྒྱུན་ལྟར་བསམ་ཡས་སུ་ཕེབས་ཏེ་ཕོ་བྲང་གོང་དུ་བཞུགས་གདན་འཇགས། གཟའ་ཚེས་ལེགས་པར་ཆོས་སྐྱོང་ཆེན་པོ་དཔོན་བློན་དང་མཇལ་འཛོམས་ལེགས་པར་མཛད། ལྕོག་སྟེང་དུ་རྒྱལ་མཚན་གསར་འཛུགས་མཛད། ཁྲོམ་ཚོགས་ལ་བཀའ་དབང་སྩལ། དེ་ནས་ཆིབས་བཏེགས་སྟེ། བྱེ་རྫིང་དུ་ཕེབས། སྨིན་གྲོལ་གླིང་ནས་ཕེབས་བསུ་རིང་ཐུང་བཅས་རིམ་གྱིས་ཕེབས་ཏེ་རྗེ་ཉིད་ནས་གཏེར་