[A:༥༥༠]ཆེན་རིན་པོ་ཆེ་ལ་འཇམ་དབྱངས་དམར་སེར་གྱི་རྗེས་གནང་དང་། ཚེ་དབང་ཞིག་འབུལ་བ་གནང་། ཚུར་ལའང་འཆི་མེད་ཡང་སྙིང་ཚེ་དབང་གསན་ཞིང་མཇལ་སྤྲོ་དཔག་ཏུ་མེད་པའི་ངང་ནས་ཆིབས་སྒྱུར། གྲ་ཐང་། བདུང་ཕུད། ར་བ་སྨད་རྣམས་སུ་རིམ་ཕེབས་ཀྱི་ཆོས་སྐྱོང་བསེ་ཁྲབ་ཅན་གྱིས་མཇལ་དར་ཕུལ་བསྟུན་རྗེ་ཉིད་ནས་ཀྱང་སྒྲོན་དར་སྤྱན་གཟིགས་དགྱེས་རྫས་བཅས་སྤྱི་སྒེར་གྱི་འཕྲིན་བཅོལ་ལེགས་པར་གནང་། འཕྲིན་ལས་ཇི་བཞིན་བསྒྲུབ་པར་ཞལ་གྱིས་བཞེས། ཆོས་སྐྱོང་ནས་བསྐུལ་མ་ལྟར་ཁྲོམ་དབང་ཞིག་སྩལ་བའི་ཉིན་ཁྲོམ་ཚོགས་ཆེས་པས་ཚེ་རིལ་ཚེ་ཆང་འཚེམ་ལུས་མང་བའི་འཚང་ཀ་བྱུང་ཚེ་ཆོས་སྐྱོང་ཆེན་པོ་ཉིད་ཕེབས་ཏེ་ཁྲོམ་མང་བསྒྲེང་ཚར་དུ་གཏོགས་པར་མཛད། རྣམ་རབ་དྭགས་པོ་གྲྭ་ཚང་བརྒྱུད། རིམ་གྱིས་གོང་དཀར་ཆོས་སྡེར་ཕེབས་ཏེ་སེར་སྐྱ་སྤྱི་སྒེར་ཁྲོམ་ཚོགས་ལ་ཆོས་སྦྱིན་སྩལ། རྟེན་མཆོད་རྣམས་ལ་མཆོད་འབུལ་རྒྱ་ཆེན་དང་འདུས་ཚོགས་ལ་མང་འགྱེད་སྩལ་ཏེ་རིམ་གྱིས་ཕེབས། ཡར་འབྲོག་བསམ་སྡིངས་པ་དང་གླིང་ཞབས་དྲུང་སོགས་ལ་དབང་ལུང་ཁ་ཤས་སྩལ་ནས་ཕེབས་པའི་ཕྱི་ཉིན་རྡོ་བ་ཞིག་ལ་ཕྱག་འཛུབ་ཀྱིས་རྗེས་འཇོག་པར་གནང་བ་ད་ལྟ་གཟིམ་ཆུང་མཆོད་གྲལ་དུ་བཞུགས། རྒྱལ་རྩེ་དཔལ་འཁོར་ཆོས་སྡེར་ཕེབས་ཏེ་འདོད་ཆོས་འགའ་