[A:༥༥༢]མའི་ཏི་ཤྲིར་གྱུར་པ་ནས་བཟུང་བསྟན་འགྲོ་ཡོངས་ཀྱི་སྤྱི་མཆོད་ཀྱི་གནས་ལ་འགེལ་གཙེར་མེད་པའི་བཀའ་ཤོག་ལག་འཛིན་གནང་བ་བཞིན་སོག་པོ་རྣམས་ཀྱིས་མཐོང་མ་ཐག་བྱིན་རླབས་ཞུ་བ་ལས་བསྙད་འཚེ་གཏན་མེད་དུ་གྱུར། དེ་ལོ་ཁལ་ཁ་རྗེ་བཙུན་དམ་པའི་མི་སྣ་དུ་མ་ཕྱག་མཇལ་དུ་འབྱོར་བར་ལུགས་གཉིས་ཀྱི་རེ་སྐོང་གནང་།
དགུང་གྲངས་ང་གསུམ་པར་དར་གོས་བཟང་སྒྲིགས་ཀྱི་བཀྲ་ཤིས་ཁྲ་རིང་ཆེན་མོ་གཉིས་གསར་བསྐྲུན་དང་། གཡུ་ཐོག་རྒྱ་ཕིབས་ཀྱི་ཤིང་བརྩེགས་དང་མགོན་ཁང་ཉམས་གསོ་སྤྱན་གཟིགས་མཆོད་རྫས་འབུལ་བ་སོགས་དང་། བྱས་འགྱུར་བླ་བྲང་ནུབ་ཀྱི་འཕགས་མགོན་ཕུག ཉི་ཟླ་ཕུག ཟིལ་གནོན་ཤར་ནུབ་འཁོར་ཡུག་ཐར་ལམ་བཅས་ཉམས་གསོའི་བཀོད་པ་གནང་། ལྷ་ཁང་ཆེན་མོའི་ཁྱམས་སྟོད་ནུབ་ཕྱོགས་སྟེང་དུ་ཟངས་ཁལ་བརྒྱད་ཅུ་སྐོར་གྱི་ཟངས་དྲ་བཀལ། འདི་ལོ་མཛོད་པ་ནམ་མཁའ་བསམ་གྲུབ་པ་དུས་ལས་ཡོལ་བར་རྗེ་ཉིས་ནས་གསུང་སྨོན་ཐུགས་གཏད་དང་། རྟེན་མཆོག་རྣམས་ལའང་ས་ལམ་གེགས་མེད་བགྲོད་ཅིང་སླར་ཡང་བསྟན་འགྲོར་ཕན་བདེ་འབྱུང་བའི་སྙན་ཤལ་ཁ་བྱང་ཅན་དང་། རིས་མེད་ཀྱི་ཆོས་སྡེ་རྣམས་སུ་མང་སྐོལ། རྒྱལ་དབང་རིན་པོ་ཆེ་སོགས་འདྲེན་མཆོག་རྣམས་ལ་གསུང་བསྔོ་རྟེན་སྤོམ་མཐོ་བ་དང་།