[A:༥༥༦]རྡོར་ལམ་དུས་ཀྱི་དབང་། བིར་བསྲུང་། ལམ་ཟབ་བླ་མའི་རྣལ་འབྱོར་སོགས་བཞེད་སྐོང་དུ་སྩལ། འདི་ལོ་ཇུ་ཐིག་གི་མོ་སོགས་ལ་སྐུ་དོག་གི་ངོ་ཤར་བས་ཆོས་སྡེ་ལྷོ་བྱང་འདར་གྲང་བཅས་པ་ནས་རྡོ་རྗེ་འཛིན་པ་བསྙེན་སོང་རྣམས་ཀྱིས་གཏོར་བཟློག་སྲི་མནན་སོགས་དུ་མ་དང་། རྟེན་གཙོ་རྣམས་ལ་ཞལ་གསེར་སྙན་ཤལ་མཆོད་འབུལ་རྒྱ་ཆེན། འདུས་ཚོགས་བྱིངས་ནས་སྒྲོལ་ཤེར་སོགས་འབུམ་ཐེར་རིགས། ཕྱོགས་ཀྱི་དགོན་སྡེ་གྲངས་མང་ལ་མང་སྐོལ་སོགས་གནང་བའི་སྐབས་ཤིག་རྗེ་ཉིད་ཀྱི་འོད་གསལ་མནལ་ལམ་འདྲེས་མ་ཞིག་ཏུ་མགོན་ཁང་ཁྱད་འཕགས་ཀྱི་ཞལ་འབག་ཁམས་གསུམ་ཟིལ་གནོན་དངོས་སུ་བྱོན་ནས་དབུ་གུག་གུག་ལན་གསུམ་མཛད་སོང་བ་ཞིག་བྱུང་བ་ཞབས་རིང་བ་ཚོར་གསུངས་པས་སླར་ཡང་སྐུ་རིམ་སྔར་མུས་ལས་ཆེར་བསྐྱེད་པ་དང་། མངའ་ཞབས་སེར་སྐྱ་ཚང་མས་ཞབས་བརྟན་ཚ་དྲག་ཞུས་པས། ད་ལམ་ཚང་མ་བརྡབ་ཞོགས་ཆེ་ངེས་བྱུང་ཡང་ཁར་སིང་གི་རྨི་ལམ་དེ་ངན་ས་རང་མིན་ནམ་སྙམ་པས་བག་ཚ་མི་དགོས། འོན་ཀྱང་ཟླ་མཇུག་འདིར་ཕུར་བཟློག་ཅིག་དང་དྲུག་ཅུ་པ་ཞིག་ཚུགས་ན་རྣམ་རྟོག་གི་འགལ་རྐྱེན་སོད་པ་ཡོད་དོ་གསུངས་པ་བཞིན་བསྒྲུབས། དེ་རྗེས་ཐང་སྟོང་ལུགས་ཀྱི་ཚེ་སྒྲུབ་བདུན་ཕྲག་གཅིག་དང་། གཏེར་གསར་གར་དབང་ཚེ་སྒྲུབ་བདུན་ཕྲག་གཅིག་བཅད་རྒྱ་མཛད། མཐར་ཚོགས་