R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༥༧
[A:༥༥༧]བརྒྱ་ཞིག་གནང་ཉིན་རྩེ་གདོང་ནས་གནམ་ལྕགས་རྡོ་རྗེ་རྩེ་དགུ་རྩེ་ལྔ་གཉིས་དང་རོལ་མོ་སོགས་འབུལ་མི་འབྱོར་བ་ཡང་རྟེན་འབྲེལ་ལེགས་ཚོགས་སུ་དགོངས། དབྱར་ཁ་འཇམ་དབྱངས་གཟི་འོད་འབར་བའི་དབུ་ཐོག་གི་རྒྱ་ཕིབས་ཤིང་བརྩེགས་གསར་འབུབས། གསེར་ཟངས་ཉམས་གསོ་ཕུལ་ཕྱིན་དང་ནང་སོ་པུ་ཏྲ་ཁང་གི་ལྷོ་ཕྱོགས་ཀྱི་གྱང་ལ་སྐྱོན་ཞུགས་པའི་འག་ན་འདེགས་ཀྱི་གྱང་སྐྱོར་ཞེང་ཆེ་བ་ཐོག་ལ་རེག་པ་སོགས་བརྟན་བརླིང་མཛད། ངོར་མཁན་ཆེན་ཚུལ་ཁྲིམས་དཔལ་བཟང་སྐུ་ཁམས་ཅུང་ཟད་རྙོག་པར་ཐུགས་དམ་སྐྱབས་འཇུག་ཞུ་རྟེན་བསིལ་བ་ཚལ་གྱི་རྡོ་ནག་ལས་གྲུབ་པའི་གུར་མགོན་གྱི་སྐུ་བརྙན། འཇམ་དབྱངས་མཁྱེན་བརྩེའི་ཐུགས་དམ་རྟེན་ཞལ་གྱི་བྲིས་ཐང་། མགོན་པོ་མེ་འབར་མ་སོགས་རྟེན་གསུམ་འགངས་ཆེ་བ་མང་པོས་དྲངས་པའི་འབུལ་ཆེན་ཞུ་ཡིག་བཅས་འབྱོར་བས། གསུངས་ལས་ད་ལམ་ངོར་མཁན་ཆེན་སྐུ་ཁམས་ག་འདྲ་འཚོའམ་གསུངས་པ་བཞིན་མ་འགྱངས་པར་སྐུ་གཤེགས་ཚུལ་བྱུང་བ་བཞིན་ངོར་དུ་དགོངས་རྫོགས་རྟེན་གནང་བ་དང་། རྗེ་ཉིད་ནས་ཀྱང་ས་ལམ་གྱི་གེགས་སེལ་གསུང་བསྔོ་ཐུགས་གཏད་གནང་རྗེས་ཁའུས་ཆབ་ཚན་དང་ཆབས་ཅིག་བྱས་འགྱུར་ཉམས་གསོའི་རབ་གནས་སོགས་ལ་ཕེབས། སླར་གདན་སར་ཕེབས་ནས་མགོན་ཁང་ཉེ་འགྱང་དུ་འཕྲིན་བཅོལ་སྔོན་གྲོའི་དམ་