[A:༥༦༠]ཁམས་གསུམ་འགྲོ་བའི་བླ་མ་ཆེན་པོ་མཁས་དང་གྲུབ་པའི་དབང་ཕྱུག་འདི་ཉིད་ཀྱིས་ཐོག་མར་ཡོངས་འཛིན་རིགས་ཀྱི་བདག་པོ་ཡབ་མེས་རིན་པོ་ཆེ?རིན་ཆེ་པོ་རྣམ་གཉིས། བྱམས་པ་ངག་དབང་རྣམ་རྒྱལ། ཀ་སྤེ་བསྟན་པ་རབ་རྒྱས། ངོར་མཁན་ཆེན་ལྷུན་གྲུབ་དཔལ་ལྡན། མཁན་ཆེན་བཟང་པོ་རྒྱལ་མཚན། ཆོས་རྗེ་བཅོ་བརྒྱད་པ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་རྣམས་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམ་པའི་ཆོས་ཀྱི་བང་མཛོད་བཟུང་ནས། རིས་མེད་པའི་གདུལ་བྱའི་སྐལ་བར་འཚམས་པའི་གསུང་ངག་རིན་པོ་ཆེ་ཚར་གསུམ་གྱིས་གཙོས་ཆོས་སྒོ་དཔག་མེད་ཕྱེ་བས། ཐར་པའི་ལམ་སྣ་ཟིན་པ་བརྗོད་དུ་མི་ལང་ཞིང་། བསྟན་རྒྱུན་འཆད་ཉན་ནུས་པའི་ཞལ་སློབ་ཆེ་གཉན་རགས་རིམ་གོང་གི་སྐབས་སོ་སོར་གསལ་བ་བཞིན་དང་། གསན་དོན་སྙིང་པོར་དྲིལ་བའི་རྩ་བ་གསུམ་གྱིས་ལྗགས་བསྙེན་བཞུགས་གདན་ཐོག་གཅིག་ཏུ་ཉམས་བཞེས་མཛད་ཚུལ་སྨོས་ཟིན་པ་དང་། ཉམས་བཞེད་ནར་མར་ཡང་ཐོ་རེངས་ནས་བཟུང་ཉིན་རེ་བཞིན་གྱི་སྔ་ཆར། སྒྲོལ་དཀར་ཚེ་སྒྲུབ། ལམ་བཟང་ཕྱི་ནང་། བིར་བསྲུང་གཉིས། ལམ་དུས་རྒྱས་འབྲིང་། རྣལ་འབྱོར་མ་ལུས་དཀྱིལ་བཅས། ཨོ་རྒྱན་བླ་མའི་རྣལ་འབྱོར། བར་གཅོད་ལམ་སེལ། བདེ་མཆོག་ནག་པོ་པ། འཇིགས་བྱེད། བྲག་རྫོང་མ། གཏོར་མ་བརྒྱ་རྩ། སྒྲོལ་