[A:༥༦༢]སྒྲུབ་ཐབས། དེའི་རྒྱུན་ཁྱེར་སོགས་དོན་བཟང་སྡེབ་ལེགས་འཁྱེར་བདེ་ཕན་པ་ལྷུར་ལེན་ལུགས་ཀྱི་བསྟན་བཅོས་ཀྱང་བཀའ་འབུམ་གླེགས་བམ་དུ་གསལ་བ་བཞིན་བསྐྲུན་པར་མཛད་པ་སོགས་བསྟན་དང་འགྲོ་བ་ཡོངས་ལ་སྨན་པའི་སྐུ་དྲིན་མཚོན་དུ་མེད་པ་ནས་སྐུ་དངོས་ཀྱི་ཞིང་འདིའི་འགྲོ་དོན་རྫོགས་སུ་ཉེ་བ་ན་དེ་ལོ་ཟླ་བ་བཞི་པ་ཙམ་ནས་སྐུ་ཁམས་རིམ་གྱིས་ལྟེམ་བར་གྱུར་ཚེ། སྐུ་རིམ་སྔ་གོང་ནས་རྒྱུན་མཐུད་ཀྱི་མུར་ཚ་དྲག་ཏུ་བསྒྲུབ་ཅིང་། རྗེ་ཉིད་ནས་ལྷོ་ནང་ཕྱག་མཛོད་པར་ཡང་དེ་ཁའི་ཆིངས་མཚམས་ལེགས་གྲུབ་བསྟུན་འགྱང་མེད་ཡོང་དགོས་ཚུལ་གི་བཀའ་ཤོག་ཀྱང་བསྩལ་བ་བཞིན་ཕྱག་མཛོད་ནས་ཀྱང་རྗེ་ཉིད་ཀྱིས་འཕྲིན་ལས་གྲུབ་སྟེ་མ་འགྱངས་པར་འཁོར་བསྟུན། སླར་ཡང་སྐུ་རིམ་སྒོ་གང་ཟབ་ལ་འབད་ཀྱང་ངོ་ཐོན་གང་ཡང་མ་བྱུང་བའི་མུར་གྲོ་བཞིན་ཟླ་བའི་ཚེས་བཅོ་བརྒྱད་ཉིན་ཞབས་འབྲིང་རྣམས་ལ་དེ་རིང་དེ་བཞིན་གཤེགས་པའི་འཕེལ་གདུང་ཞིག་དང་རྗེ་བཙུན་གོང་མ་རྣམས་ཀྱི་དམ་རྫས་ཤིག་སྦྱོར་ཞིག་གསུངས།
ཕྱིར་ཉིན་ཉི་མ་རྒྱང་ཙམ་སོང་མཚམས་ཤིག་ཏུ་ཞབས་འབྲིང་པ་ལ་ངེད་ཀྱི་གདན་འདི་ཤར་དུ་བསྒྱུར་ཅིག་གསུང་པ་ལྟར་ཞུས་པས་དེར་སྤྱན་ཡུན་རིང་གཟིགས་ཤིང་། སླར་ཡང་ཕྱོགས་གཞན་གསུམ་ལ་ཡང་དེ་བཞིན་གནང་རྗེས་ངེད་ཀྱི་རྩ་འདིར་མི་བོང་ཆེ་བ་