[A:༥༦༣]ཞིག་དང་། གཞན་ཡང་མང་པོ་སླེབས་བྱུང་གསུངས། ཡང་གསུང་ཤུབ་བུ་ཞིག་གིས་མ་ཧཱ་ཀཱ་ལ་དང་མཁའ་སྤྱོད་མ་བཅས་ཞི་ཁྲོའི་ལྷ་ཚོགས་རྣམས་སོ། །ཞེས་ཀྱང་གསུངས་མུར་སྔར་ཉིན་དམ་རྫས་སྦྱར་བ་དེ་ནས་དུམ་གཅིག་བཞེས་ཏེ་ཚེས་བཅུ་དགུའི་ཉིན་ཕྱེད་ཡོལ་བར་རྒྱུད་སྡེ་རིན་པོ་ཆེ་ནས་ཇི་ལྟར་བསྟན་པའི་འདའ་ཀ་མའི་རྣལ་འབྱོར་གསལ་འདེབས་པར་མཛད་དེ་ཀུན་རྫོབ་སྤྲོས་པའི་གཟུགས་སྐུའི་རྣམ་པ་དེ་ཉིད། དོན་དམ་སྤྲོས་བྲལ་ཆོས་ཀྱི་སྐུ་འཕོ་འགྱུར་མེད་པའི་དགོངས་པར་བསྔུ་བར་མཛད་སོང་འཕྲལ་སྐུ་འཁོར་ཐམས་ཅད་མྱ་ངན་གྱི་གདུང་བ་དྲག་པོས་སོ་སོར་འགྱེལ་ཞིང་བུབ་ནས་རེ་ཞིག་བརྒྱལ་ཏེ་དྲན་པ་རྙེད་འཕྲལ་མཆི་མས་བརྣང་བཞིན་དུ་སྐུ་གདུང་མཆོད་པའི་གྲབས་གཤོམ་ལ་ཞུགས་པའི་ཚེ། གཟུགས་སྐུ་བསྡུས་པ་ལས་སླར་ཡང་བཞེངས་ཏེ་གསོལ་ཇ་ཞིག་བཞེས་ནས་ལུང་བསྟན་འགའ་ཞིག་བསྩལ་རྗེས་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་སྐུའི་བཞུགས་སྟངས་ཀྱི་རྣམ་པས་སྤྲུལ་སྣང་དེ་ཉིད་ཆོས་དབྱིངས་སུ་ཐིམ་ཚུལ་མཛད་པར། སྐུ་ཚེའི་རིང་ནས་མཉམ་རྗེས་འཁོར་ཡུག་གི་དགོངས་པས་འོད་གསལ་མ་བུ་འདྲེས་བཞིན་པ་ལས་ལྷག་ཏུ་སྐབས་འདིར་ཏིང་ངེ་འཛིན་ལ་འཇུག་ཅིང་ལྡང་བ་མེད་པས་དེ་མ་ཐག་ཏུ་དབུའི་གཙུག་ཏོར་གསལ་པོར་འཕགས་ཏེ་མཁའ་སྤྱོད་དུ་གཤེགས་པ་ལས་ཐུགས་དམ་དུ་བཞུགས་