[A:༥༦༦]མཐའི་ཆེ་གཉེན་དམངས་ཕལ་ནས་ཀྱང་དགོངས་རྫོགས་ཞལ་འདེབས་དཔག་ཏུ་མེད་པ་འབྱོར། དེ་ནས་རིགས་སྲས་དམ་པ་རྡོ་རྗེ་འཛིན་པ་རྣམས་དང་བཅས་པས་གདུང་རུས་གཙང་མར་སྦྱངས་བཏུལ་ལ་བྱིན་རྟེན་དཔག་མེད་པ་དང་ལྷན་ཅིག་པའི་འཇིམ་པ་ལས་རྗེ་དེ་ཉིད་ཀྱི་སྐུ་བརྙན་གྱི་གཙོས་པའི་རྒྱལ་བ་སྲས་བཅས་ཀྱི་སཙྪ་ཤིན་ཏུ་མང་བ་རྣམས་ལ་གསེར་ཞོ་སུམ་ཅུ་ལྗིབ་གསོལ་ལ། གདུང་རྟེན་རྣམ་རྒྱལ་མཆོད་རྟེན་ཕལ་ཐོག་བཞི་ལྷག་གི་བུམ་པ་བུམ་གདན་བང་རིམ་རྣམ་དངུལ་ལྗང་བརྡུངས་ལ་དེ་ལྷག་གསེར་ཟངས་ལས་བསྒྲུབས་པའི་བཟོ་བཀོད་ཁྲ་རྒྱན་གངས་ཅན་འདི་ན་འགྲན་ཟླ་མེད་པ་ལྟ་བུས་ངོ་མཚར་ཅན་གྱི་བུམ་སྒོར་གསེར་ཟངས་ལས་རྗེ་དེ་ཉིད་ཀྱི་འདྲ་སྐུ་སྐུམ་ཁྲུ་གང་པ་དང་། གཞན་ཡང་གསེར་ཟངས་ཀྱི་སྐུ་ཚབ་འདྲ་སྐུ། དེ་དག་གི་བཟོ་ཕུད་གསེར་ཟངས་ཀྱི་རིན་ཆེན་འབྱུང་ལྡན་གྱི་སྐུ་འདོམ་ཕྱེད་ཙམ་པ་རྣམས་དང་། ཕྱི་རྟེན་བདེ་གཤེགས་མཆོད་རྟེན་གོང་མཚུངས་ཕལ་ཐོག་བརྒྱད་སླེབ་བྲེ་མན་ཆད་གནས་ཆེན་དུ་མའི་ས་སྣ་རྡོ་སྣ་སོགསཀྱི་རྒྱུ་དང་། གདུག་འདེགས་ཡན་ཆད་གསེར་ཟངས་ལས་བསྒྲུབས་པ་དེ་རྣམས་ཀྱིས་ནང་བཞུགས་སངས་རྒྱས་ཀྱི་རིང་བསྲེལ་དང་གོང་གི་གདུང་ཚས་གཙོས་པའི་གཟུངས་འབུལ་བྱིན་རྟེན་སོ་སོའི་དཀར་ཆག་ཏུ་གསལ་བ་བཞིན་གཞུགས་པར་རྒྱུད་སྡེ་ཀུན་ལ་མངའ་དབང་