R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༦༧
[A:༥༦༧]འབྱོར་པའི་རྡོ་རྗེ་འཛིན་པ་དུ་མས་རབ་ཏུ་གནས་པས་བྱིན་རླབས་ཀྱི་གཟི་བྱིན་འབར་བར་བསྒྲུབས་པར་མཛད་དོ། ། དེ་ལྟར་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་རྒྱས་སྲས་སེམས་དཔའ་ཆེན་པོ་དམུར་རྒོད་འདུལ་དཀའི་དཔའ་བོ་འདི་ཉིད་ནི་མཁས་གྲུབ་ཀུན་གྱི་རྩེ་མོར་སོན་པས་རྣམས་ཐར་ངོ་མཚར་དཔག་ཡས་མཆིས་མོད་ཀྱང་། མཛོད་འཛིན་པ་ནམ་མཁའ་བསམ་འགྲུབ་དང། ཤེས་རབ་ངག་དབང་གཉིས་ཀྱིས་རྗེ་འདིའི་རྟོགས་བརྗོད་པོད་ལོངས་བརྩམས་རུང་བརྗོད་བྱ་ཟབ་ཅིང་རྒྱ་ཆེ་བ། རྗོད་བྱེད་ཚིག་ཉོག་གི་ཆུད་ཟོས་སུ་བཏང་ཞིང་ཆད་ལྷག་མང་བས་བླ་མའི་ཞབས་ཏོག་དང་མཁས་པ་དགྱེས་པའི་ལེགས་བཤད་དུ་མི་རུང་མོད། བདག་སོགས་གནས་དུས་ཀྱི་སྐལ་བ་རྣམས་ལ་ཟིན་ཐོར་རུང་ཙམ་མཆིས་པ་ནས། འདིར་ཉུང་ངུར་བསྡུས་ཤིང་ཞིབ་པ་ནི་ཁོ་བོས་གསོལ་བཏབ་ཀྱི་ངོར་མུས་ཆེན་གྲུབ་པའི་དབང་ཕྱུག་བསོད་ནམས་དཔལ་བཟང་གི་གསུང་རྩོམ་གནང་བ་ཞིག་ཡོད་ཀྱང་ཞུ་དག་ནན་ཆེན་དགོས་འདུག་པས་སླད་ནས་གྲུབ་དབང་ཉིད་དང་མཁས་གྲུབ་གཞན་གྱི་ཞུ་དག་པར་མཛད་པ་དེ་ལས་རྟོགས་པར་བྱའོ། །