[A:༥༧༠]གྱི་སྔ་ལྟས་ཤར་བ་བཞིན་སླར་ཡང་དགུང་ལོ་སོ་གཉིས་པར་ཆོས་རྗེ་བཅོ་བརྒྱད་པའི་ལྕམ་བསྟན་འཛིན་བསོད་ནམས་བཟང་མོ་ཁབ་ཏུ་བཞེས་ཚུལ་ནི་བཅོ་བརྒྱད་ཆེན་མོ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་ཞལ་གསུང་མ་ཤེལ་དཀར་ཕྲེང་བ་ལས། མེ་ཡོས་ལོར། གདན་ས་ཆེན་པོ་ནས་སྣེ་གདོང་གི་ལྕམ་ལ་གདུང་མ་ཕེབས་པས། ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་བསླབ་དོན་བཅས་ཕྱག་མཛོད་བསོད་ནམས་རྒྱལ་མཚན་ལྷ་སར་ཕྱག་དབང་དང་སྡོང་ནས་ཕེབས། བཅོ་བརྒྱད་དུ་འབོག་གོང་ལ་བྱོན་པའི་ལྕམ་གྱི་མཆེད་བསྟན་འཛིན་ཟེར་བ་ཞིག་ཡོད་འདུག་པས་དེ་ཁ་ས་སྐྱར་བཞེས་ན་ཇི་ལྟར་ལེགས་ཀྱི་སྙན་འབུལ་མཛད་འདུག་པར་གཞུང་ས་ནས་དེ་ཁ་ལེགས་ཚུལ་གྱི་བསླབ་དོན་བཀའ་དྲིན་བསྐྱང་འདུག་པ་དང་། ཕྲན་བུར་ཡང་གྲུབ་མཐའ་སོགས་གང་ཅི་ནས་བབས་འབྲེལ་ཤིན་ཏུ་ཆེ་བས་འཕྲལ་འབུལ་དགོས་ཚུལ་གྱིི་བཀའ་ཤོག་རིན་པོ་ཆེ་ཕེབས། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་བཀའ་ཤོག ཕྱག་མཛོད་རང་གི་ས་སྐྱ་ནས་གསུང་བ་དྲག་བབས་ཚུལ་གང་སྤྱིའི་བསླབ་དོན་ཞིབ་པ་གསེར་སྲང་གང་ཆིབས་གསར་མ་ལེགས་པས་གཙོས་གནང་སྦྱིན་དཔངས་མཐོ་བ་བཅས་གཟིམ་དཔོན་ནམ་མཁའ་བསམ་གྲུབ་དང་མི་ཉག་དབོན་པོ་ཉིས་སྦྲེལ་སྐུ་ཚབ་གདོང་ནས་ལྕམ་འབུལ་དགོས་ཚུལ་གྱི་བསླབ་དོན་གནང་བྱུང་བར།