[A:༥༧༣]འདིར་ཆོས་སྒྲུབ་པ་ལ་བར་གཅོད་ཆེ་ཡང་ཁྱེད་རང་གུ་རུ་མཚོ་སྐྱེས་རྡོ་རྗེས་རྗེས་སུ་བཟུང་བས་མཁའ་འགྲོ་སྡེ་ལྔས་འབྲལ་མེད་གེགས་དང་བར་གཅོད་སྲུང་བར་འདུག་པས་སྐྱོན་མི་འབྱུང་། ད་དུང་ཆོས་འཆད་པ་ལ་རེམ་མཛོད་གསུང་ནས་། གོས་ལྗང་ཁུ་ལ་དྲིལ་བའི་བསེ་སྒམ་ཞིག་གི་ནང་ཤེལ་བུམ་ནོར་བུའི་ཁ་རྒྱན་ཅན་ཞིག་གི་ཁ་རྒྱན་མཚམས་ནས་བདུད་རྩི་ཆིལ་ཆིལ་ལུད་པ་ཞིག་གནང་བྱུང་བས། བདུད་རྩི་དེ་གསོལ་བས་རོ་མངར་ཉམས་དང་མཆོག་ཐུན་དངོས་གྲུབ་ཐོབ་པ་ཡིན་སྙམ་པའི་ཐུགས་ལ་བདེ་སྤྲོ་དཔག་ཏུ་མེད་པ་ཞིག་བྱུང་བ་ཤར་བ་འདི་དག་ལ་བསམ་ན་མནལ་ལྟས་སྔོན་མ་ནོར་བུ་གནང་ཤིང་རྒྱལ་མཚན་འཛུགས་ཆོག་ངོ་མཚར་གསུང་པ་དེ་ནོར་བུ་ལྟ་བུས་གདུང་བྱོན་ནས་རྒྱལ་མཚན་ལྟ་བུས་ངོ་མཚར་འབྱུང་གསུང་རྒྱུ་དང་ཕྱི་མ་ཉིད་ཀྱི་སྲས་ལ་ཆོས་བཀའ་དུ་མ་གནང་ཐུབ་ཅིང ཕྲིན་ལས་སྣ་ཚོགས་འགྲུབ་པ་དང་དབང་གི་ཆུ་རྒྱུན་མི་ནུབ་ཅིང་བདུད་རྩི་གསོལ་བས་རོ་མངར་དང་བདེ་སྤྲོའི་ཐུགས་ཉམས་གདུང་འབྱོན་པའི་ལྟས་འཁྲུལ་པ་མེད་དོ། །
རྒྱུ་མཚན་དེའི་ཕྱིར། རྒྱལ་ཡུམ་དམ་པ་བསྟན་འཛིན་བསོད་ནམས་བཟང་མོའམ། བསྟན་འཛིན་བུ་ཁྲིད་དུ་གྲགས་པ་ལ་ཐོག་མར་ཞལ་དུ་མེད་པའི་ཡོན་ཏན་དུ་མ་ལ་དབང་འབྱོར་བ་རྗེ་བཙུན་ཀུན་དགའ་བསྟན་པའི་ཉི་མ་དེ་ཉིད་འཁྲུངས་ཤིང་། དེ་ནས་