R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༧༤
[A:༥༧༤]བདག་ཅག་གི་རྣམ་འདྲེན་དམ་པ་འདི་ཉིད་འབྱོན་པའི་སྔ་ལྟས་སུ་སྐབས་ཤིག་ཡུམ་གྱི་མཚན་ལྟས་ལ། ཛ་ལུང་རིག་འཛིན་ཆེན་པོ་དེ་ཉིད་ཡིན་སྙམ་པ་ཞིག་གིས་དར་སྣ་ཚོགས་ཀྱིས་དྲིལ་བའི་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་འོད་འཚེར་བ་ཞིག་དང་། དམ་རྫས་ལས་གྲུབ་པའི་གུ་རུ་པདྨའི་སྐུ་ཞིག་གནང་སྟེ། འདི་གོང་མ་རིན་པོ་ཆེའི་སྐྱེས་སུ་བསྩལ་བ་ཡིན་པས་ཐུགས་བཅག་གང་དག་མཛོད་གསུང་བ་དང་། ཡར་ལན་གཅིག་མནལ་སྟས་སུ་དཔལ་རྩེ་ཞབས་དྲུང་ཀུན་དགའ་བཀྲ་ཤིས་དེ་ཡིན་སྙམ་པ་ཞིག་གིས་རྡོ་སྨུག་པོའི་སྤར་བུ་དམ་རྫས་ཀྱི་གང་བ་ཞིག་གྲངས་ཇི་ཙམ་ཡོད་ལྟོས་གསུང་བ་བཞིན་བགྲང་པས་སུམ་ཅུ་བརྒལ་ཙམ་བགྲང་ཟིན་པ་ན། མནལ་བསད་པ་ནི་སྙིགས་དུས་དམུ་རྒོད་གདུལ་བྱའི་དབང་གིས་དགུང་གྲངས་དེ་ཙམ་ལས་མི་བཞུགས་པའི་མཚན་མ་དང་། ཡང་ལན་གཅིག་ཞབས་དྲུང་དེ་ཡིན་སྙམ་པ་ཞིག་གིས་བྱས་འགྱུར་པུ་ཏྲ་སྦབ་ལེན་མའི་བྲག་སེང་ནས་ལྕགས་རྡོར་རྩེ་ལྔ་དང་ལྕགས་ཕུར་ཕུར་དར་ལ་དཔལ་མགོན་ཞལ་བཞི་བྲིས་པ་ཞིག་གནང་སྟེ། རིགས་འཛིན་ཕོ་བྲང་རང་དུ་བཞུགས་ལ་སྐུ་རིམ་འདི་རྣམས་ངེས་པར་མཛད་དགོས་ཡོད་དོ། །ཞེས་སྐུ་རིམ་གྱི་བརྡའ་སྦྱོར་ཞིག་བྱུང་ཡོད་ཚོད་འདུག་ཀྱང་དེ་སྐབས་ཀྱི་ཟིན་བྲིས་དང་རྒྱུས་ཡོད་ཀྱི་མི་མེད་པས་ཇི་བཞིན་མ་རྟོགས། ཡང་ལན་ཅིག་འཕན་ཡུལ་དུ་བུད་མེད་མང་པོ་དང་འགྲོགས་ནས་བྱོན་ཏེ།