[A:༥༧༥]ཆུ་བོ་རིའི་གྲུ་ཡིན་སྙམ་པ་ཞིག་ལ་མི་མང་པོ་ཡུམ་ཉིད་ཀྱིས་སྒྲོལ་འདོན་མཛད་པས་ཆུའི་ཕ་རོལ་རི་སྒང་ཞིག་ནས་ཤེས་ལ་རང་བྱོན་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྐུ་ཞིག་རྙེད་པ་ཐུགས་ཚགས་མཛད་པའི་གནང་བ་བྱུང་བ་སོགས་མནལ་ལྟས་ངོ་མཚར་ཅན་དུ་མ་དང་། དངོས་སུའང་སྐུ་ལུས་ཡངས་ཤིང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ཏིང་ངེ་འཛིན་ཁྱད་པར་ཅན་ཐུག་ས་རྒྱུད་ལ་འཁྲུངས་པ་བྱུང་ཡོད་འདུག་ཅིང་། ཡང་སྙེ་ཐང་དགེ་སློང་ཀུན་དགའ་བསྟན་འཛིན་ཞེས་འདར་པ་པཎྜི་ཏ་སོགས་མཁས་གྲུབ་དུ་མའི་སློབ་མ་རིག་གནས་ལ་མཁས་ཤིང་འཇམ་དབྱངས་བསོད་ནམས་དབང་ཕྱུག་གི་ཐུགས་རྩིས་ཅན་རྗེ་བཙུན་མཁའ་སྤྱོད་དབང་མོར་ཐུགས་དམ་སྙིང་པོར་མཛད་པ་དེས་གདུང་སྲས་མྱུར་འབྱོན་སྐུ་རིམ་མནལ་ལྟས་དང་བསྟུན་པར་གུ་རུ་རིན་པོ་ཆེའི་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་འབྱོན་པ་ལ་ཐེ་ཚོམ་མེད་གསུངས་པ་དང་། བླ་མ་དཀོན་མཆོག་རྒྱལ་པོས་རྗེ་འདི་ལ་རྡོ་རྗེ་ཕྲེང་བའི་དབང་འབུལ་སྐབས་རྗེ་འདིའི་གསུང་འཕྲོས་ཀྱི་ཟུར་ཞིག་ལ། སློན་དཔོན་པདྨ་ང་རང་ཡིན་ཞེས་ཐོགས་མེད་ཀྱིས་སྩལ་བ་དང་། གོང་དཀར་མཁས་གྲུབ་དམ་པ་བློ་གྲོས་དབང་ཕྱུག་གི་མཚན་ལྟས་སུ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་རྣམ་སྤྲུལ་ཡིན་པ་ཤིན་ཏུ་གསལ་བས་དྲུང་ཡིག་ཀུན་དགའ་སངས་རྒྱས་ལ་དེའི་གནས་ཚུལ་