R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༧༨
[A:༥༧༨]སོ་སྐྱེ་རྣམས་ཀྱི་རྟོགས་པར་མ་གྱུར་གཤིས་ཕ་བླ་མ་རིགས་ཀུན་བདག་པོ་ཉིད་ལ་རྒྱུ་མཚན་རྣམས་ཞིབ་ཏུ་ཞུས་པར་ཞལ་འཛུམ་མདངས་དང་བཅས་རྒད་པོས་ཀྱང་ཐེགས་པ་ཡིན་འདུག་ཕེབས་པ་ཕྱིས་སུ་བསམ་ཚེ་དེ་ནས་རིང་པོར་མ་ལོན་པར་བླ་བྲང་འདི་ཉིད་དུ་སྐུ་ཚེའི་མཛད་པའི་མཐའ་མར་གྱུར་ཅིང་། གདན་སར་དྲི་མེད་འཁོན་གྱི་གདུང་དུ་སྐུ་བལྟམས་ཏེ་འགྲོ་བའི་དོན་རླབས་པོ་ཆེ་སྤྱོད་པའི་ལུང་བསྟན་དུ་འདུག་ཆོས་སྐྱོང་གི་ལུང་བསྟན་ལན་གནང་མུར། དེ་བཞིན་ཡིན་ཚེ་གནངས་ཉིན་ཚེས་གསུམ་ལ་བླ་བྲང་སྟེང་དུ་རྒྱལ་མཚན་དཀར་པོ་ཞིག་འཛུགས་པ་དང་། ངེད་ཀྱི་གདན་ལ་ཕྱིང་དཀར་དྲི་མ་མེད་པ་ཞིག་གསར་དུ་ཐིང་། ཁྱེད་རང་གཟིམ་ཁང་གོང་དུ་ཐུགས་གསོལ་རྒྱས་པ་ཞིག་ཐོངས་ཤིག་ཕེབས་བྱུང་བ་ལྟར་ཕྱིན་ཏེ་ཐུགས་གསོལ་གྲུབ་འཕྲལ་སྐུ་ཞབས་སུ་བཅར་སྐབས་ཉིན་ལྟར་དང་མི་འདྲ་བའི་སྐུ་ཟོར་ཡང་ལ་དགྱེད་ཉམས་གཞན་ལས་ཆེ་བ་ཞིག་འདུག ལོ་འདི་དང་སྔོན་མར་བསམ་ཡས་ནས་ཤིང་བྱ་ཅན་དང་རྒྱལ་པོ་ཉི་མའི་འོད་ཟེར་གཉིས་ཀྱི་ལུང་བསྟན་ཁ་ལྟ་ངན་པ་ཕྱག་མཚན་གས་ཆག་ཡོད་པ་འབའ་ཞིག་བསྐུར་བ་སོགས་ཡང་ཡང་བྱུང་བ་བཟློག་ཅིང་སྐུ་རིམ་འདྲ་སྒྲུབ་ན་དང་བསྐྱེད་ཨེ་ཡོང་གི་རེ་བའི་གཙོ་བོར་ཆོས་རྒྱལ་དཔོན་བློན་དང་། གོང་གི་ཆོས་སྐྱོང་གཉིས་བཅས་