R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༨༠
[A:༥༨༠]ལེགས་འཕེལ་བར་གྱུར་ཅིག་ཞེས་གསུངས་རྩོམ་མཛད། ས་སྐྱར་བང་མི་ཆེད་གནང་གི་གསུང་ཤོག་ཏུ། བསྟན་འཛིན་བུ་ཁྲིད་ལ་སྲས་ཕེབས་པ་ཡོད་པས་དེ་བར་ཐུམ་བུ་འདི་ཁ་མ་ཕྱེ་ཞིག་ཞེས་པའི་གནང་རྟེན་དང་བཅས་བསྩལ། གང་ལྟར་དེ་ནས་ཡབ་རྗེ་དགུང་གྲངས་ལྔ་བཅུ་བཞེས་ཤིང་། ཡུམ་སོ་གསུམ་པ་ས་སྐྱོང་ཞེས་པ་ཤིང་མོ་བྱ་ལོ་ཆོ་འཕྲུལ་རྟ་ཟླའི་ཚེས་བཅུ། རེས་གཟའ་བཀྲ་ཤིས་དང་སྐར་མ་རི་དགས་མགོ་འཛོམས་པའི་སྟོབས་ལྡན་བཀྲ་ཤིས་ཀྱི་སྦྱོར་བ་ཤར་བའི་མཐོ་རང་སྤྲུལ་པའི་ལྷ་ཁང་ཆེན་མོའི་ཟུར་ལྕོག་རིག་འཛིན་ཕོ་བྲང་དུ་བདེ་ཆེན་ཆོས་དབྱིངས་ཀྱི་ལྷུམས་ལས་གཟུགས་སྐུའི་ཉིན་བྱེད་ཤར་ཉེ་བ་ན། གཟིམ་ཆུང་ཕུ་མདའ་ཐམས་ཅད་དྲི་བཟང་གི་གང་བ་དེར་ཡོད་ཀུན་གྱིས་རྟོགས་ཤིང་། ཚོམས་ཆེན་དུ་ཆོས་སྐྱོང་གི་སྤྲུལ་པ་ལྟ་བུས་བྱ་རོག་བབས་པ་དང་ཡུམ་གྱི་གཟིགས་སྣང་ལ་འོད་ཟེར་སྣ་ཚོགས་ཁྲོད་ནས་བུམ་མེད་མདོག་མི་འདྲ་བ་དུ་མ་དང་། མི་ནག་ཨ་ཙ་ར་སོགས་ཤར་ཞིང་། དཀར་དུང་སྒྲིགས་པའི་སྐད་མང་པོ་གསན་པ་དང་བཅས་ཞབས་གཉིས་སྔོན་ཕེབས་ཀྱིས་སྐུ་བལྟམས་པ་དེ་བཞིན་གྱི་གསན་ཚུལ་ཕྱིས་ཡབ་རྗེ་རྡོ་རྗེ་འཆང་གི་གསན་པ་ན། སྔོན་རྗེ་བཙུན་གྲགས་པ་རྒྱལ་མཚན་ཡང་ཚུལ་འདི་ལྟ་བུས་སྒོ་ནས་སྐུ་བལྟམས་པ་ཡིན་གསུང་ཞིང་། དེ་ཉིན་ནམ་མཁའ་འཇའ་འོད་ཀྱིས་གང་བ་དང་།