R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༨༨
[A:༥༨༨]གཟིམ་ཆུང་ཁེངས་པར་དམ་པ་ཉིས་ནས། ཡབ་རྗེ་མཆོག་ལ། དུར་ཁྲོད་བདག་པོ་དང་མི་ནག་མང་པོ་སླེབས་བྱུང་ཞེས་གསུང་ཞིང། གཞན་ཡང་ཡབ་རྗེའི་གསུང་ལས། སྔགས་འཆང་ཆེན་པོ་དེ་ཉིད་ལ་དཔལ་མགོན་ཞལ་པུ་ཏྲ་དམར་ནག་འདོད་ཁམས་མ་བཅས་ཀྱི་ཕྲིན་ལས་རྩོལ་མེད་དུ་སྒྲུབ་ཅིང་མངོན་སྤྱོད་ཀྱི་ལས་སོགས་ལ་ནུས་པ་ཆེ་བ་ཡོང་ཞེས་ཕེབས། ཡང་སྐབས་ཤིག་ཡབ་རྗེ་མཆོག་ནས་ཕུན་ཚོགས་གླིང་དུ་སྐུ་མཆེད་གཉིས་ལ་མཉེས་སྤྲོ་སོགས་ཉིན་གང་ལྟ་བུས་སྐུ་མདུན་དུ་རྒྱུན་རིང་བཞུགས་ནས་སླར་རིགས་འཛིན་ཕོ་བྲང་ལ་ཕེབས་ཁར་ཐུབ་པ་དགོངས་གསལ་གྱི་གླེགས་བམ་དང་། སྒར་སྦུག་ཁྱད་མཚར་ཆུང་ངུ་དེ་གནང་ནས་ཧུར་བསྐྱེད་མཛད་དགོས་ཀྱི་བཀའ་ཕེབས་པས་ཐུགས་ཕྲེང་པོ་བྱུང་ཞེས་རྗེ་དེ་ཉིད་རང་གི་གསུང་ལས་དངོས་སུ་ཐོས། དེ་ནས་དགུང་གྲངས་བདུན་དུ་ཕེབས་པ་ལྕགས་ཡོས་ལོར་ཡབ་རྗེ་རྡོ་རྗེ་འཆང་ཞིང་ཁམས་གཞན་དུ་ཕེབས་ཉེའི་སྐབས་མཆོད་དཔོན་དཀོན་མཆོག་རྒྱལ་པོ་ལ་སྤྱན་ཆེར་གཟིགས་ནས། སྔགས་འཆང་ཆེན་པོ་འདི་ཉིད་ཀྱི་སྐུ་ཚེའི་སྟོད་ལ་འོ་བརྒྱལ་པོ་ཡོང་བར་འདུག་པས་ཁོ་བོས་འབུལ་མ་ཐུབ་པའི་ཆོས་འཕྲོ་རྣམས་དཀོན་མཆོག་རྒྱལ་པོས་ཕུལ་ཞེས་གསུང་ནས་སྤྱན་རིག་འཛིན་ཕོ་བྲང་ཕྱོགས་ལ་