[A:༥༨༩]གཟིགས་ཤིང་སྲས་ལ་ཐུགས་ཕྲེང་བའི་རྣམ་པ་མཛད་དེ། གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན། ལོ་རྒྱུས་འདི་ལ་བལྟས་ན་ཡུམ་སྲས་རྣམས་རིག་འཛིན་ཕོ་བྲང་ནས་ཡབ་རྗེའི་སྐུ་མདུན་ལ་སྐབས་རེ་ལས་ཡང་ཡང་མི་འབྱོན་ཞིང་། ཡབ་རྗེའང་བཀའ་ཆོས་གནང་སྐབས་མ་གཏོགས་ཡུམ་སྲས་ཀྱི་སར་འབྱོན་མི་བདེ་བ་སོགས་སྔོན་བོད་ཀྱི་ཆོས་རྒྱལ་རྣམས་སྡིག་བློན་ལ་འཛེམས་དགོས་ལྟར་གཞན་དབང་སྣ་ཚོགས་ཡོད་ཚོད་འདུག གང་ལྟར་དགོངས་རྫོགས་སོགས་ཡུམ་སྲས་རྣམས་ལ་སྐུ་དབང་ཡོད་མེད་ཅི་ལྟར་ཀྱང་བྱས་བྱས་མང་པོ་ཤེས་རབ་ངག་དབང་གིས་བརྩམས་པའི་མངྒའི་མཚན་ཅན་གྱི་རྣམ་ཐར་ན་འདུག་རུང་། དོན་ལ་ནི་ཡུམ་སྲས་རྣམས་ལ་འོ་བརྒྱལ་རང་བྱུང་ཞིང་མངྒའི་མཚན་ཅན་གྱི་རྗེ་འདིའི་སྐུ་ཚེའི་སྟོད་ལ་འོ་བརྒྱལ་ཡོང་གསུང་བ་དེ་ཡང་བཤད་མ་ཐག་པ་དང་། འོག་འབྱོང་དུས་སོགས་ཡིན་འདྲ། རེ་ཞིག་ནས་གདན་ས་འདིས་རྟེན་མཆོག་རྣམས་ལ་མཆོད་འབུལ་ཐོག་མཇལ་བར་ཕེབས་པའི་ཐོག་མར་ལྷ་མཐིལ་གཙུག་ལག་ཁང་དུ་ཕེབས་པའི་ཚེ་དེའི་རྟེན་རྣམས་གཟིགས་མུར་གྲུབ་དབང་བསོད་ནམས་དབང་ཕྱུག་གི་འདྲ་སྐུ་ལྡེབས་བྲིས་མ་ཞིག་ལ་ཡ་གི་ངའི་སྐུ་འདྲ་ཡིན། དར་འདི་བཞེས་འགྲོ་གསུང་འབུལ་བར་གནང་བས་སྐུ་དེས་ཞག་དུ་མའི་བར་དུ་བཞེས།