R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༩༠
[A:༥༩༠]ཡང་སྒོ་རུམ་མཇལ་བར་ཕེབས་སྐབས། བསེ་མགོན་ཆེན་པོའི་དྲུང་གསུང་ལས། འདིའི་སྤྱན་གྱི་གསང་ཐག་ཉམས་བཟོ་བྱེད་སྐབས། ཟླ་བོ་གཞན་རྣམས་གྲོས་ནས་མ་བྱུང་ཞེས་ཕེབས་པ། སྔོན་སྔགས་འཆང་ཆོས་ཀྱི་རྒྱལ་པོས་ཉམས་བཟོ་གནང་དུས་སྐུ་འདི་སྔ་ཐོག་རང་དུ་སོང་བས་སྤྱན་གྱི་འཕྲུལ་སོགས་ཇི་འདྲ་ཡོད་གཟིགས་པས་གསང་ཐག་རྣམས་ནུར་ནུར་པོའི་སྟབས་ཧ་ཅང་གི་འགྲིག་པ་མ་བྱུང་ཚེ་ཐག་སྒྲ་ཤིན་ཏུ་ཆེ་བ་ཞིག་བྱུང་བར། སྐུ་འཁོར་རྣམས་ཧ་ལས་ཏེ་དྲ་སྒོའི་ཕྱིར་བྲོས་སྐབས། སྔགས་འཆང་ཉིད་ཀྱི་གཟིགས་སྣང་ལ། བསེ་མགོན་ཆེན་པོ་ཉིད་ཀྱི་ཕྱག་གཉིས་དཀྲུག་ཅིང་ཐུགས་ཁར་སྟེང་འོག་སོགས་སུ་མ་བསྒྲིགས་རང་འགྲིག་ཏུ་བྱུང་བའི་སྐབས་ཀྱི་མཛད་བཟང་དེ་ལ་དགོངས་སམ་ཡང་ན་འཇམ་དབྱངས་བསོད་ནམས་དབང་པོའི་གནས་བཤད་ནའང་ཉམས་བཟོའི་སྐབས་དཀོན་གཉེར་རིན་པ་རྣམ་པ་འཇིགས་ནས་བྲོས་ཚུལ་སོགས་ཡོད་སྙམ་པས་སྔགས་འཆང་ཡབ་སྲས་གང་རུང་ཞིག་ཏུ་ཞལ་གྱི་བཞེས་པར་མངོན་ནོ། ། དགུང་གྲངས་བརྒྱད་ཐོག་ཆུ་འབྲུག་ལོར་ཕུར་སྒྲུབ་ཚོགས་དབུར་ཕེབས་བཞེད་ཀྱིས་ཕྱག་ལེན་རྣམས་བན་ཚང་དབུ་བྱེད་དཀོན་མཆོག་སེང་གེ་ལས་བཞེས་ཤིང་བྱང་ཆུབ་པར་མཛད། སྐུ་ཞང་བཅོ་བརྒྱད་ཞབས་དྲུང་ངག་དབང་མཁྱེན་བརྩེ་རབ་བརྟན་སྐུ་