R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༩༩
[A:༥༩༩]བའི་ཆིངས་སྒྲིག་ཏུ་མཛོད་པ་རྫོང་བདའ་གནང་སྟེ་མཁའ་འགྲོ་ཆོས་སྲུང་ལ་བཀའ་བསྒོ་ཕྲིན་བཅོལ་དྲག་ཏུ་སྩལ་བའི་བྱིན་རླབས་ལ་བརྟེན་ཟླ་བ་བཅུ་གཅིག་ཙམ་ནས་གཏན་ཆིངས་ལེགས་འགྲིག་གི་སྤྱི་བྱེ་བྲག་སྐྱེ་འགྲོ་རྣམས་བདེ་སྐྱིད་ཀྱི་དཔལ་དང་ལྡན་པར་གྱུར། དེ་ནས་རྒྱལ་སྲས་ལམ་བཟང་ཐུགས་འཛིན་དགེས་སྤྲོ་ཆེན་པོས་མྱུར་བར་ཐུགས་མཚོར་གཏམས། དཀོན་མཆོག་སེང་གེས་པུ་ཏྲ་འཆམས་སུ་གྲགས་པའི་ཕྱག་ཁྲིད་ཕུལ། དེའི་ཚེ་ལ་ལར་མ་ཕུལ་ཡང་འཁྲུལ་མེད་དུ་མཁྱེན་པ་བྱུང་། དགུང་གྲངས་བཅུ་གཉིས་སུ་ཕེབས་པ་མེ་སྤྲེ་ལོ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་ཆོས་ཀྱི་ཁྲིར་ཞབས་ཟུང་བཀོད་དེ་རྒྱལ་ཚབ་ཆེན་པོར་མངའ་གསོལ་བའི་སྔོན་འགྲོ་དུས་རིམ་ཟབ་སྤྲོས་ཆེ་བ་དང་བཅས་ཚུགས། ཉེར་བརྒྱད་ཉིན་པུ་ཏྲ་ཆེན་པོའི་འཆམས་གྲལ་དུ་ཕེབས་ཏེ། ལམ་འགྲོས་ནས་བཟུང་དགུ་རྡུང་གི་བར་ཕྱག་བཞེས་སུ་གནང་བས་ཀུན་ངོ་མཚར་དུ་གྱུར། ཉེར་དགུར་གཏོར་ཟོར་འཕེན། གནམ་གང་ལ་བསྐང་བ་བརྒྱ་ཚར། རྟ་ཟླའི་ཚེས་གཅིག་ལ་གཏང་རག་མངའ་གསོལ་དང་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་ཤིན་ཏུ་གཟབ་པར་གནང་། ཚེས་གཉིས་ནས་བཞིའི་བར་ལ་ཕྱོགས་ནས་ཁྲི་སྟོན་ལེགས་འབུལ་བ་རྣམས་དང་། སྐུ་འཁོར་རགས་བསྡུས་དག་ལ་དགའ་སྟོན་རྒྱ་ཆེན་པོས་ཚིམ་པར་