R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༠༠
[A:༦༠༠]མཛད། ཚེས་ལྔའི་ཉིན་རྩེ་ལ་ཆོས་དུང་དཀར་པོ་རྒྱང་གྲགས་གསུང་བསྐུལ་གྱི། གཞིས་བྱེས། དགེ་འདུན་ཁྲི་ཕྲག་ཙམ་དུ་ལོང་པ་དང་། སྐྱེ་བོའི་ཚོགས་རྣམས་ཆོས་གྲྭར་འདུས་འཁོད་གྲུབ་པ་དང་། ཆོས་ཁྲིམས་པ་སོགས་ལས་སྣེ་འཛིན་པའི་སྤྱན་འདྲེན་པ་རྣམས་དང་། ལས་མཚན་བཅུ་གསུམ་གྲས་སོགས་འགྲོ་འོས་རྣམས་སྔོན་འགྲོའི་བདག་ཅག་གི་རྣམ་འདྲེན་དམ་པ་དེ་ཉིད་མཚན་དཔེའི་གཟི་འོད་འབར་ཞིང་སྔགས་འཆང་མཛེས་བརྗིད་ཀྱི་རྣམ་པར་བཞེངས་པའི་ཉེ་འཁོར་ཀུན་ཏུ་སེར་སྐྱ་ཞབས་འབྲིང་པའི་ཚོགས་རང་རང་གི་ཆ་ལུགས་ལྷུན་ཆགས་ཤིང་བག་དྲོ་བ་དང་བཅས་ཇི་ལྟར་དེ་བཞིན་གཤེགས་པ་སྐྱེ་དགུའི་བསོད་ནམས་ཀྱི་མགྲོན་དུ་གདུགས་ཚོད་ལ་སྤྱན་དྲངས་པ་ལྟར་བཞི་ཐོག་ཕོ་བྲང་ཆེན་མོ་ནས་རིམ་གྱིས་སྔ་སྲོལ་བཟང་པོའི་ལུགས་ལྟར་ཕེབས་ཏེ། བཞུགས་ཁྲི་ཆེན་མོར་བཞུགས་གྲུབ་འཕྲལ་སེར་སྐྱ་ཚོགས་ཆེན་གྱི་ཆོས་ཕྱག་མདོ་ཀློག བདུད་བཟློག མཎྜལ་སོགས་སྔར་གྱི་ཕྱག་སྲོལ་བཞིན་མཛད་ཟིན་པ་དང་། སེམས་བསྐྱེད་གསལ་འདེབས་བསྟན་ཆོས་རྩོམ་པ་པོའི་ཆེ་བའི་ཡོན་ཏན་གསུང་བ་སྔོན་འགྲོའི་རྒྱལ་སྲས་ལམ་བཟང་རྒྱ་སྐད་ནས་རྩོམ་བསམ་གཏན་གྱི་ཕར་ཕྱིན་བཤད་པ་ཡན་ཆད་ཉིན་གཉིས་པར་སྔར་འཕྲོས་ཤེས་རབ་ཀྱི་ཕར་ཕྱིན་བཤད་པ་ནས། སྐུ་གསུམ་ཡེ་ཤེས་ཀྱི་རྣམ་བཞག་ཡན། ཉིན་གསུམ་པར་སྔར་འཕྲོས་ནས་བཟུང་མཇུག་