[A:༦༠༥]སོགས་བླ་མ་ཡི་དམ་ཆོས་སྲུང་གི་ཞལ་བསྟན་ཚུལ། བླ་མ་དཀོན་མཆོག་རྒྱལ་པོ་དང་། མཛོད་པ་བསོད་ནམས་བསྟན་པའི་རྡོ་རྗེ་ལ་ལན་གཅིག་མིན་པ་ཡང་ཡང་སྩོལ་བ་མཛད་ཡོད་འདུག་ཀྱང་ཟིན་བྲིས་ཇི་བཞིན་མ་འཁོད།
དེ་ནས་དགུང་གྲངས་བཅུ་བཞིར་ཕེབས་པ་ས་ཁྱི་ལོར་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་གསེར་འབུམ་བཞུགས་པའི་གཙུག་ལག་ཁང་གི་གསེར་ཕིབས་ཀྱི་མདོག་འདོན་ཤིང་ཆ་གསར་སྤོ་སྐྱ་རྣམས་རྨངས་ནས་བཟུང་ཉམས་གསོ་དང་། ཆོས་གྲྭ་བྱང་གི་དགེ་འདུན་འདུ་བའི་ཀུན་ར་དྲི་གཙང་ཁང་བཅས་རྩ་བ་ནས་བཟུང་གསར་བཞེངས་ལྟ་བུ་དང་དེ་ཙམ་ལ་རྫོང་ཆུང་བླ་བྲང་གི་ཤར་སྐྱ་གསར་སྤོ་སོགས་ཆོས་སྲིད་མཛད་པ་ཁ་ཤས་ཡོད་འགྲོ་ཡང་ཟིན་བྲིས་མ་སྙེད།
དེ་ནས་དགུང་གྲངས་བཅོ་ལྔ་པ་ས་ཕག་ལོར་ད་ལྟ་དབུ་རྩེར་བཞུགས་པའི་གང་གི་ཡབ་རྗེ་མཆོག་གི་སྐུ་བརྙན་འདི་དང་མགོན་པོ་ཚེ་དཔག་ཏུ་མེད་པ་ལྷ་དགུའི་སྐུ་ལུགས་མ་རྒྱ་བཟོ་བས་ཀྱང་ལྷག་པ་ལྟ་བུ་བྱིན་རླབས་ཀྱི་གཟི་འོད་འབར་བ་ད་ལྟ་གཟིམ་ཆུང་ཤར་མགོན་ཁང་ནང་བཞུགས་པ་འདི་སོགས་གསར་བཞེངས་མཛད། ལོ་འདི་གཉིས་ལ་དུས་དབང་གི་ཕུར་སྒྲུབ་བཤོལ་ནས་བདེ་མཆོག་སྒྲུབ་མཆོད་གནང་དགོས་བྱུང་བས་འཚུབ་ལྷོང་ལྟ་བུ་ཡིན་ནམ།