R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༠༦
[A:༦༠༦]གཏོར་འབུལ་ཞིག་གི་སྐབས་རོལ་མོ་སྟོང་གསུམ་འབྲུག་སྒྲ་གློ་བུར་དུ་ཆག ཁྱི་ལོ་ལྷ་མཐིམ་ཁྱམས་སྨད་ལྷོའི་ཀ་བ་ཞིག་སྐྱོན་ཅུང་ཟད་ཀྱང་མེད་པར་ཚག་སྒྲ་དང་བཅས་བྱེར། སྒོ་སྲུང་རྟ་མགྲིན་གྱི་ཕྱག་གཡོན་མ་གྱང་ལོགས་ནས་ས་ཕག་ཕོག་པའི་གས་སྐྱོན་དང་། དེའི་རྗེས་ཙམ་ལ་གཡས་ཀྱི་ཕྱག་མཚན་པད་དབྱུག་ལྷུང་བ་སོགས་མཚན་མ་མི་ཤེས་པ་ཁ་ཤས་ཀྱང་བྱུང་འདུག དེ་སྐབས་ཙམ་ལ་ཡིན་ནམ་འབྱུང་འདུལ་ཕུར་པ་གུར་མགོན་རྣམས་ཀྱི་ལྗགས་བསྙེན་མཛད་དུས་ཕུར་པའི་སྐབས་རྡོ་རྗེ་གཞོན་ནུའི་སྐུ་འདི་ལས་འོད་ཤིན་ཏུ་ཆེ་བ་ཞིག་ཡོང་གིན་འདུག་ཞེས་དང་། མགོན་པོའི་སྐབས་མགོན་སྐུ་འདི་ལས་མེ་སྟག་མང་པོ་འཐོན་གྱིན་འདུག་ཞེས་དགེ་རྒན་བསོད་ནམས་བསམ་འཕེལ་ལ་གསུང་འདུག ཡང་བཅོམ་ལྡན་འདས་དཔལ་ཀྱཻ་རྡོ་རྗེའི་གྲངས་དུས་ཀྱི་ལྗགས་བསྙེན་གསོལ་དཔོན་ཐུགས་རྗེ་བཀྲ་ཤིས་དང་ལྷན་དུ་མཛད་པའི་གསོལ་ཚན་གཞུ་ལུང་པ་བསོད་ནམས་མཆོག་ལྡན་གྱིས་ཞུས་པར། སྐབས་གཅིག་འབུལ་གཏོར་ཚང་མ་མ་ཕུལ་བར། ཞབས་དྲུང་དུ་ཕྱིན་པས་དེ་འདྲ་མ་བྱེད་གསུང་པའི་བརྡའ་དང་། གཞན་ཡང་སྤྱན་ལྟ་སྟངས་སུ་གཟིགས་ནས་འོད་གསལ་གྱི་ངང་ལ་བཞུགས་པ་ལྟ་བུ་ཁ་ཤས་དང་། གསུང་ལས་ཀྱང་། ཡབ་རྗེ་དེ་ཉིད་དང་ཀྱཻ་རྡོར་དབྱེར་མེད་དུ་འདུག་ཞེས་དགེ་རྒན་བསོད་ནམས་བསམ་འཕེལ་ལ་གསུང་བ་