[A:༦༠༤]ཡིན་འདུག་ཞེས་ཕེབས་པ་བཞིན་འདར་བསམ་གྲུབ་པར་ཞིབ་དཔྱོད་མི་འགའ་འདིར་འབྱོར་བར་མཇལ་ཕྱག་ཞུ་བ་ལྟར་བཅོས་ནས་སྐུ་མདུན་ལ་བཅར་སྐབས་གྲི་རིང་རྣམས་བཏགས་བཞིན་དུ་འོང་སྟེ་ཕྱག་སོགས་མེ་བྱེད་ཀྱང་ཞལ་མཇལ་བ་ཙམ་གྱི་སྣང་བ་འགྱུར་ཏེ། དེ་འཕྲལ་ཕྱིར་ཐོན་ནས་གྲི་རྣམས་དོར་དར་དཀར་གྱི་ཕྱག་རྟེན་བཅས་ཕྱག་འཚལ་ཞིང་ཕྱག་དབང་ཞུས་ཏེ་སྐུ་མདུན་འཁོད་པའི་སྟོན་མོའི་ཐོག་དད་པ་གྱུར་མེད་ཐོབ་ཏེ། ཞྭ་དམར་གྱི་བླ་མ་རང་དུ་མ་སོང་ན། འདི་ལས་རྣམ་དཔྱོད་ཆེ་བ་མ་མཐོང་ཞེས་དངོས་རྫས་ཀྱི་འབུལ་བ་དང་བཅས་སྐྱར་ནས་མཇལ་ཕྱག་སྒོ་གསུམ་དང་བས་ཞུ་བ་བྱུང་ཞིང་། གཞན་ཡང་དམག་མི་སྤྱི་བྱེ་བྲག་ནས་ཐུགས་བསུན་མེད་པར། ཀུན་མཁྱེན་ལྔ་བ་ཆེན་པོ་སོགས་ནས་སྩལ་བའི་བཀའ་གཏན་རིམ་ཅན་གྱི་དགོངས་དོན་བཞིན་མཛད་ཆོག་པ་བྱུང་ངོ་། །
དེ་སྐབས་གྲིབ་རྐྱེན་ཞིག་ལ་བརྟེན་པའི་མགུར་འཆམ་ཤིན་ཏུ་ལོད་པ་དང་། སྤྱན་ནད་སོགས་རྒྱུན་རིང་ཞིག་བྱུང་བ་ན། སྐབས་ཤིག་འདྲེན་མཆོག་དམ་པ་འདི་ཉིད་ནས་མདངས་རྨི་ལམ་དུ་ཡབ་རྗེ་དམ་པ་དེ་ཉིད་ཀྱི་ཚེ་དབང་དང་། ལྗགས་ཆབ་ཀྱང་གནང་བྱུང་བས། ད་མྱུར་དུ་ཕན་འགྲོ་བར་འདུག་ཞེས་བླ་མ་དཀོན་མཆོག་རྒྱལ་པོ་ལ་ཕེབས་པ་བཞིན། སྙུང་གཞི་ཡང་འཕྲལ་དུ་དངས་བ་