R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༠༩
[A:༦༠༩]གནས་རྟེན་རྣམས་ལ་མཆོད་འབུལཐུགས་སྨོན་བཅས། སྙེ་ཐང་འཕགས་སྡེར་གནས་གཟིགས། གསོལ་ཚིགས་ཁང་དུ་མཆོད་ཡོན་ཆེན་པོ་ནས་གཟིམ་གུར་བཞུགས་ཁྲི་ཐབ་འཛིན། རྩེ་ཤོད་ཀྱི་སྐུ་འཁོར་སེར་སྐྱ་ལྔ་བཅུ་ཙམ་གྱིས་ཕེབས་བསུ། གསོལ་ཇ་གཉིས་ཀྱི་རིང་ལ་བཀའ་འདྲི་ཇི་ལྟར་འཚམས་པ་གནང་རྗེས། དཔལ་གྱི་ཆོས་འཁོར་ལྷ་སར་ཕེབས་ཏེ། གཡུ་ཐོག་ཁང་གསར་དུ་བཞུགས། དེར་མཆོད་ཡོན་ཆེན་པོ་ནས་ཡོ་བྱད་མཁོ་དགུས་ཕེབས་བར་ཐོན་གསུམ་གྱི་ཟུར་གསོས་ཤིན་ཏུ་ཆེ་བ་གནང་། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོའི་མཐོང་བཟོས་བདག་རྐྱེན་བླ་ན་མེད་པའི་དབུ་འདོན་བཀའ་དྲིན་ཆེ་བའང་གོང་ས་རིན་པོ་ཆེ་དེ་ཉིད་ཀྱི་རྟོགས་བརྗོད་དཔག་བསམ་རིན་ཆེན་སྙེ་མ་ཞེས་ལྕང་སྐྱ་རྡོ་རྗེ་འཆང་ཡེ་ཤེས་བསྟན་པའི་སྒྲོན་མེའི་བཀའ་རྩོམ་དེ་ཉིད་ལས་མགོ་ཟླའི་ཚེས་དྲུག་ལ་གངས་རིའི་ལྗོངས་ཀྱི་ཐུབ་པའི་རིང་ལུགས་པ་རྣམས་ཀྱི་ནང་ནས་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་བྱ་བ་རྒྱ་ཆེར་སྤེལ་བ་ལ་མཆོག་ཏུ་བསྔགས་པ་དཔལ་ལྡན་ས་སྐྱ་པའི་གདུང་བརྒྱུད་དྲི་མ་མེད་པ་དང་ཡུམ་རྗེ་བཙུན་མ་བཅས་མཇལ་ཁར་ཕེབས་པར་བཀུར་བཟོས་སོགས་སྔར་སྲོལ་མ་ཉམས་པའི་བདག་རྐྱེན་དང་རྒྱུད་སྡེ་རྒྱ་མཚོའི་སྐོར་ལས་བརྩམས་པའི་གསུང་གླེང་ཡང་མང་དུ་མཛད། བདག་ཆེན་སྐུ་འཁོར་དང་བཅས་པ་རྣམས་ནས་ཀྱང་སྐུ་གསུང་