R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༡༡
[A:༦༡༡]ངལ་མེད་དུ་གནང་ཞིང་དད་ལྡན་རྣམས་ནས་ཀྱང་འབུལ་དངོས་གཙང་ཞིང་ཁ་ལར་མི་ཁྱུད་པ་ལྟ་བུའི་སྟོབས་ཤིན་ཏུ་ཆེ་བ་བྱུང་། དེ་བར་ལ་པོ་ཏ་ལ་དང་ལྷ་སའི་རྟེན་རྣམས་ལ་གོས་བཟང་ལས་གྲུབ་པའི་ན་བཟའ་སྙན་ཤལ། གསེར་ཆབ། སྣ་ལྔའི་རྒྱ་མཆོད་སོགས་དང་བཅས་མཆོད་མཇལ་ཐོག་གནས་སྐབས་དང་མཐར་ཐུག་གི་ཐུགས་སྨོན་སྨིན་རྒྱས་མཛད། རྒྱ་དཔོན་གཙང་ཇུན། གུང་ཚེ་དབང་དཔལ་མི་སོགས་ཆེ་བཙན་རྣམས་དང་ཞལ་རྒྱས་ཀྱི་འབྲེལ་བ་ཟབ་ཅིང་། ཁྱད་པར་གཙང་ཇུན་ཞབས་གྲས་རྒྱ་མི་རྣམས་རྗེ་འདིའི་བཞུགས་ཁྲིའི་མཐའ་འཁོར་དུ་ཐལ་སྦྱར་གུས་འདུད་ཀྱིས་ལངས་ཏེ་ཞལ་དཀྱིལ་ལ་ངོམ་པ་མེད་པར་ལྟ་ཞིང་ཁོང་དཔོན་གཡོག་རྒྱ་ཡུལ་དུ་ལོག་འབྱོན་དུས་རྗེ་དཔོན་གཡོག་ནས་སྐུ་འབུམ་ཐང་བར་ཕེབས་སྐྱེལ་མཛད་པས་རྒྱ་མི་མང་པོས་གཏམ་དུ་མ་གླེང་བ་ན་བདུད་རྩི་རིལ་བུ་བྱིན་ཕེབས་པ་བཞིན་བྱས་པས་ཐམས་ཅད་མགུ་ཞིང་ཅི་ཡང་མི་སྨྲ་བ་གྱུར་པ་སོགས་གདུལ་བྱའི་རེ་བ་སྐོང་བར་མཛད་དོ། །དེ་ནས་མཆོད་ཡོན་གྱི་ཐོན་ཕྱག་ཀྱང་གཟིམ་ཆུང་ཉི་འཁྱིལ་དུ་གནང་ཐོག་གསོལ་སྟོན་གོས་དར། དངུལ་དཔྱད་སྣ་ཚོགས། སྣམ་ཆ་ཐེར་ཕྲུག རྒྱ་ཇའི་རིགས་སོགས་དཔག་དཀའི་དངོས་བཟང་སྩོལ་བ་དང་བཅས། སྤྱིར་བསྟན་འགྲོའི་དོན་རླབས་ཆེན་དང་། ལྷག་པར་སྔོན་དུས་བཞིན་ལྷོ་ཁ་སོགས་ལ་