[A:༦༡༥]ཏུ་ཕུལ། ལྕགས་ཀྱུ་ཡོད་པའི་སྣེ་གཅིག་དེ་རང་གི་ཕོད་ཀའི་རྡོར་གོང་ལ་རྒྱབ་པ་རྗེས་སུ་གཏན་ནས་མ་གྲོལ་བས་ཞགས་པ་རྡོར་གོང་བཅས་ས་སྐྱར་འབྱོར་བ་ལོ་དུ་མར་ཚོམས་དམར་དུ་བཞག་ཚོད་དུ་འདུག ཁྲ་འབྲུག་ཏུ་ཕེབས་ལམ་ཁར་ནག་དཀྱིལ་ཞིག་ནས་བྱིའུ་ཕུར་བའི་རྣམ་པ་འདྲ་བ་ལ་ས་གཞི་ཡོམས་པ་ལྟ་བུའི་ཆིབས་རགས་འུར་ལ་ཁད་པ་བྱུང་བར་གང་ཡིན་ཞུས་པས་བསྲུང་མ་བསེ་ཁྲབ་ཅན་གྱི་འཚུབ་ལྷོང་ཡིན་འདྲ་གསུང་། དར་ཙམ་ནས་ར་སྨད་གྲྭ་ཚང་ཆོས་སྐྱོང་བཅས་ཀྱི་གདན་འདྲེན་གྱི་བང་མི་འབྱོར། ཁྲ་འབྲུག་གནས་གཟིགས་ཐོག་དེ་ཁའི་ཆོས་སྐྱོང་སྐུ་ཕེབས་ཀྱིས་རྗེ་ཉིད་ལ་མཇལ་དར་དང་། མེ་ཏོག་འཐོར་ཞིང་ལྕོག་ནང་གདན་དྲངས་ཐོག་རྗེ་ཉིད་ནས་ཀྱང་སྒྲོན་དར་གསེར་ཕུད་སོགས་འབུལ་བར་མཛད། ཆོས་སྐྱོང་ནས་གུར་ཞལ་སྤྱི་དང་། ཁྱད་པར་ཞལ་གྱི་བསྐང་བ་ཁྲི་ཚར་སྐུ་རིམ་སུ་སྒྲུབ་དགོས་ལུགས་ཀྱི་ལུང་ཕུལ། དེའི་སང་ཕེབས་ལམ་དུ་བཀྲ་ཤིས་ཆོས་སྡེ་སོགས་ཀྱི་ཆིབས་བསུ་བཅས། སྔོན་ཆོས་རྗེ་ས་པཎ་དབུས་ཕྱོགས་སུ་རྒྱུན་རིང་བཞུགས་སྐབས། ཆོས་འཁོར་སྐོར་བའི་བཞུགས་ཁྲི་དེར་བཞུགས་དུས་ཞིག་ལ་ས་སྐྱར་འཕགས་པ་རིན་པོ་ཆེའི་སྐུ་འཁྲུངས་པའི་གཏམ་སྙན་འབུལ་མི་འབྱོར་བས། གཏམ་སྙན་བཞུགས་ཁྲིར་གྲགས་པར་དར་འཛུགས་དང་། ཡུམ་བུ་བླ་མཁར་གནས་གཟིགས། ཡར་ལུང་བཀྲ་ཤིས་