[A:༦༢༡]ཞུས་པར་ཐ་མའང་ཕྱེད་བཞེས་གནང་ཀྱང་མ་ཞུས། ད་ལམ་འདི་ཁར་དམ་རྫས་མཛངས་པས་ཚན་ཆེ་བ་མེད་སླར་འབུལ་གནང་བས་ཞོགས་པ་དམ་རྫས་བརྒྱ་རྡོ་སིལ་མ་བཅས་མང་བར་བྱུང་། དེ་ནས་གྲ་ཚང་དཔོན་སློབ་དང་ངེད་གསུམ། དབུ་ཆོས་ཞོལ་གླིང་དྲུང་འཁོར་བཅས་ཆིབས་སྐྱེལ་ཚན་ཆེ་བ་བཅས་སྒང་སེབ་བར་ཆིབས་སྐྱེལ་ཞུས། ངེད་དེ་ནུབ་ར་བ་སྨད་དུ་བསྡད། སང་ཉིན་རང་གནས་སུ་ལོག དེ་སྐབས་སྐྱིད་གཤོངས་སུ་ཡུམ་དྲུང་ནས་ས་སྐྱར་ལུང་བསྟན་རྒྱ་ཅན་མའི་ཕྱག་དཔེ་མེད་གཤིས་སྔར་ཕན་སྩོལ་བ་བྱས་ཀྱང་མ་བྱུང་བས། ད་ལམ་དེ་ཁ་གཞན་དང་མ་འདྲ་བའི་ཐུགས་འདྲིས་ཆེ་སྟབས་ཕྱག་ན་ཡོད་ན་དང་། དེ་མིན་ཐུགས་སྩོལ་དགོས་ཚུལ་གནང་བྱུང་བར་ངེད་རང་ལ་ཁྱད་པར་འཕགས་པ་ཞིག་ཡོད་པ་སྐུ་ཞབས་སུ་ཕུལ་ཚར་བས་གོང་ཆོས་ཚུན་ལ་འབུལ་ཐུབ་པ་ཡོང་ཞུས་ནས་འདི་ཁ་ནས་རྒྱ་ཅན་རྩ་བ་དང་། བླ་མ་མལ་གྱི་ཐུགས་དམ་རྟེན་འཁོར་ལོ་བདེ་མཆོག་ནག་པོ་ལུགས་ཀྱི་སྐུ་བརྙན་རྡོ་ནག་ལས་གྲུབ་པ་ས་ཆེན་གྱི་ཕྱག་ཏུ་བྱུང་བ་ཕྱིས་དཔོན་ཨག་ལེན་ལ་གནང་བའི་སྣ་དཀར་རྩེའི་ནང་རྟེན་དུ་བཞུགས་པ་ཕྱིས་རྡོར་དྲག་གི་ཕྱག་ཏུ་འབྱོར་བར་གཏོར་དུས་འཁྱར་བ་ངེད་རང་གི་ལག་ཏུ་འབྱོར་བའི་ཁྱད་ཅན་དེ་དང་བཅས་འབུལ་བར་བློ་གསལ་བཏང་། གོང་དཀར་ཆོས་སྡེར་ཞུ་ཡིག་བཅས་ཕུལ་བས་ཤིན་ཏུ་དགྱེས།