R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༢༢
[A:༦༢༢]བཀའ་ལན་རྒྱས་པ་དམ་རྫས་མང་བ་བཅས་གནང་ཞིང་། ད་དུང་དེ་རིགས་བྱུང་ན་དགོས་ཚུལ་བཀའ་དྲིན་ཆེ་བ་བཅས་སྐུ་ཞབས་ཡུམ་ཕྱག་མཛོད་བཅས་ཐམས་ཅད་ནས་རྒྱས་པར་གནང་། ཞེས་གསུངས་སོ། ། རྨོར་ཆེན་རྡོ་རྗེ་འཆང་ནས་སྐུ་དང་གསུང་རྟེན་བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱི་ཞལ་གཟིགས་དང་ཐུགས་དམ་མ་འབུལ་བ་གནང་བ་ནི་གདུང་རབས་མྱུར་འབྱོན་རྟེན་འབྲེལ་ཐུགས་བསམ་ཆེ་སྐྱེད་རང་ཡིན་འདུག དེ་ལྟར་ར་བ་སྨད་ཀྱི་ཐུགས་བྲེལ་རྣམས་ཆོད་ནས། དྭགས་པོ་གྲྭ་ཚང་དུ་ཕེབས་བསུ་བསྙེན་བཀུར་མཇལ་ཕྱག་ཁྲོམ་དབང་སོགས་སྩལ། དེར་གཉན་མཁར་ནས་ཀྱི་གདན་འདྲེན་ཐོག་དྭགས་གྲ་ནས་ཆིབས་བསྒྱུར་ཏེ་གོང་དཀར་ཆོས་སྡེ་ནས་ཕེབས་བསུ་སོགས་ཟབ་རྒྱས་ཀྱི་བླ་བྲང་དུ་གདན་འདྲེན་ཞུས། དགེ་འདུན་ཡོན་བདག་ཆེ་བཙན་བཅས་ལ་མཇལ་ཁ་ཕྱག་དབང་སྐྱེ་བོ་མཐའ་ཡས་ལ་ཤུར་ཕྱག་འདུས་ཚོགས་ནས་ཀྱཻ་རྡོར་གུར་རིགས་བསྡུས་སོགས། ཆོག་གྲ་ཉེར་བདུན་ལྷག་ཙམ་གྱི་སྒྲུབ་མཆོད་ཆོ་གའི་ཡན་ལག་སྦྱིན་བསྲེག་མཆོད་གར། རྡོ་རྗེ་གཞོན་ནུའི་གྲུབ་འཆམས། གུར་གྱི་མགོན་པོའི་ལས་མཁན་རུ་འདྲེན་གྱི་གར་འཆམས་རྣམས་གཟིགས་ཕུལ། ལྷ་ཁང་སྟེང་ཤོད་བར་གསུམ་ཐུན་མོང་དང་། ཐུན་མོང་