R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༢༧
[A:༦༢༧]སྟོད་རྒྱ་རྒན་ནས་ཀྱི་ཟུར་གསོས་གསོལ་སྟོན་ལེགས་འབུལ། ཉུང་བསྡུས་ལ་ཚེ་དབང་དང་མཇལ་ཕྱག་ཤུར་ཕྱག་སོགས་གནང་། ལྕང་གཤོངས་སོགས་བརྒྱུད་སེར་ཕྲེང་གི་ཕེབས་བསུ་དང་བཅས་དགོན་རྒྱས་སུ་བཞུགས་ཞག་གནང་། དགོན་དེ་དང་ཕུན་སུམ་ཆོས་སྡེ་ནས་ལེགས་འབུལ་ཞུས་དེ་ལྟར་ཆིབས་བསྒྱུར་མར་ཡར་ཕེབས་ལམ་རྣམས་སུ་གཙུག་ལག་ཁང་འབྲེལ་མཚུངས་རྣམས་ལ་མཆོད་འབུལ་སྙན་ཤལ་དགེ་འདུན་གྱི་སྡེ་རྣམས་ལ་མང་འགྱེད་དབུལ་ཕོངས་ལ་སྦྱིན་པ་སོགས་ལུགས་གཉིས་དང་འབྲེལ་བའི་མཛད་ཕྲིན་བསམ་གྱིས་མི་ཁྱབ་པར་གྱུར་ཏོ། །དེ་ནས་ཆིབས་བསྒྱུར་སྟེ་ག་ར་བཀྲ་ཤིས་དར་རྒྱས་སུ་བཞུགས་ཞག་མཛད། ལྕགས་གླང་ཟླ་བ་གསུམ་པའི་ཡར་ཚེས་གཟའ་སྐར་ལེགས་འཛོམས་ཉིན་དཔལ་ལྡན་ས་སྐྱར་ཕེབས་རྒྱུའི་སྔ་ཆར། བཀྲ་ཤིས་དར་རྒྱས་སུ་ཆོས་གྲྭ་ལྷོ་བྱང་གི་མཁན་ཆེན་བྱམས་པ་བསོད་ནམས་བསྟན་པའི་རྒྱལ་མཚན་སོགས་ཟབ་སྤྲོས་དང་བཅས་ཕེབས་བསུར་འབྱོར་སྟེ། གླིང་བུའི་སྒྲ་དང་སྤོས་ཀྱི་ཕེབས་སྣེ་དྲངས་ཐབས་སུ་ཇ་ཞུས་རིམ་གྱིས་དཔལ་ས་སྐྱར་ཆོས་གྲྭ་ལྷོ་བྱང་གི་སེར་ཕྲེང་འཆམ་སྐུའི་ཕེབས་སུ། སྐྱེ་བོའི་གླུ་བྲོ་སོགས་སྤྱན་འདྲེན་བཀོད་པ་དུ་མ་དང་བཅས་བཞི་ཐོག་བླ་བྲང་ཆེན་པོར་དགེ་ལེགས་ཀྱི་དཔལ་འབར་བར་ཕེབས་སོ། །