R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༢༨
[A:༦༢༨]སང་ཉིན་བཞི་ཐོག་ཚོམས་ཆེན་དུ་ལེགས་ཕེབས་དགའ་སྟོན་ལེགས་འབུལ། དེ་ནས་རིམ་བཞིན་མགོན་ཁང་རྣམས་སུ་གཏང་རག་མཛད་དེ་ཆོས་སྲིད་ཡར་རྒྱས་སུ་གྱུར། དབུས་ཕྱོགས་ནས་ཕེབས་འཕྲལ་འགྲོ་མགོན་འཕགས་པ་རིན་པོ་ཆེའི་སྦྱིན་བདག་གོང་མ་སེ་ཆེན་གན་གྱི་གདུང་རིགས་ཁལ་ཁ་རྗེ་བཙུན་དམ་པའི་སྐུའི་དབོན་དོན་གྲུབ་ཝང་དཔོན་གཡོག་རྣམས་འབྱོར་ཏེ། གུས་འདུད་ཤིན་ཏུ་ཆེ་བ་དང་བཅས། དངུལ་གོས་དར་སོགས་འབུལ་བ་རྒྱ་ཆེན་པོ་དང་། གནས་གཟིགས་མཆོད་འབུལ། འདུས་ཚོགས་ལ་མང་འགྱེད་བཅས་མཛད་པར་ལུགས་ཟུང་གི་སྒོ་ནས་ཁོང་དཔོན་བློན་དགྱེད་པའི་རྩེར་གྱུར། དེ་ནས་མ་འགྱངས་པར་གོ་ཤྲི་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་གདུང་རྒྱུད་ཨེ་བུས་པའི་ལི་དཔོན་གཡོག་འཁོར་བཅས་མཇལ་ཕྱག་ཏུ་ཕེབས་པ་ལའང་གོང་བཞིན་བདག་རྐྱེན་ཕུ་དུད་ཆེན་པོའི་སྒོ་ནས་ཐུགས་ཚིམ་པར་མཛད། ལོ་འདིའི་ནང་ཕྱག་མཛོད་དབང་ཕྱུག་བཀྲ་ཤིས་འདས་པར། གསུང་བྱང་དང་། རྒྱལ་བ་ཡབ་སྲས་སོགས་ལ་སྐྱབས་འཇུག་ཞུ་རྟེན་འབུལ་བར་མཛད་ཅིང་དགོན་སྡེ་ཁ་ཤས་ལ་མང་ཇ་སོགས་མཛད་དོ། །དེ་ནས་ལྷ་བཟོ་བཀྲ་ཤིས་དོན་གྲུབ་དེ་ཚབ་ཏུ་བསྐོ་གནང་གིས་མ་འགྱངས་པར་རྗེ་བཙུན་ས་སྐྱ་པའི་ཆོས་སྲིད་ལ་གནད་ཤིན་ཏུ་ཆེ་བ་གདུང་རབས་རིན་པོ་ཆེ་མི་ཉམས་དར་རྒྱས་སུ་