[A:༦༢]སྣེ་སོགས་ཞབས་འབྲིང་བ་དུ་མས་བསྐོར་ཏེ་དཔལ་ས་སྐྱར་ཆིབས་ཁ་བསྒྱུར་བའི་ལམ་ཞོར་བསམ་གྲུབ་རྩེ། ཨེ་ཝཾ་ཆོས་ལྡན་སོགས་རིམ་གྱིས་བརྒྱུད་ངོར་ཆེན་དཀོན་མཆོག་དཔལ་ལྡན་དང་བཅས་གདན་ས་ཆེན་པོར་ཕེབས་པར་ཉེ་བ་ན། འཇམ་དབྱངས་བསོད་ནམས་དབང་པོ་དཔོན་གཡོག་བརྒྱ་སྐོར་གྱིས་ག་རའི་མཎྜལ་སྒང་དུ་ཕེབས་བསུ་མཛད་དེ་ཁུ་དབོན་ལྷན་རྒྱས་དེ་ནུབ་བཀྲ་ཤིས་མཐོང་སྨོན་དུ་བཞུགས། སང་ཉིན་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་ཆོས་གྲྭ་ལྷོ་བྱང་གི་སེར་ཕྲེང། ཆོས་སྐྱོང་གི་འཆམ་སྐུ་བྱིན་རླབས་ཅན་རྣམས་ཀྱིས་ཕེབས་བསུ་སོགས་མཛད་དེ་གཞིས་ལེན་ཞབས་ཏོག་རྒྱས་པར་མཛད།
མེ་ཁྱི་རྟ་ཟླའི་ཚེས་གཅིག་ནས་བཟུང་སྐུ་མཆེད་གསུམ་ཆར་ཆོས་ཁྲི་མཁས་པ་ཟིལ་གནོན་དུ་ཁྲི་བཏོན་མངའ་གསོལ་མཛད་དེ། མཁས་གྲུབ་འདུས་པ་རྒྱ་མཚོ་དང་སྐྱེ་བོའི་ཚོགས་སྟོང་ཕྲག་དུ་མ་འདུས་པའི་དབུས་དེར་བདག་ཉིད་ཆེན་པོ་འདིས་རྒྱལ་སྲས་ལམ་བཟང་གི་ཆོས་འཁོར་རྒྱ་ཆེན་པོ་བསྐོར་བར་མཛད་དེ། ཐམས་ཅད་དད་པའི་སྤུ་ལོང་དབང་མེད་དུ་གཡོས་ཤིང་ཟང་ཟིང་གི་འབུལ་བ་ནམ་མཁའ་མཛོད་ཁ་ཕྱེ་བ་ལྟ་བུ་དང། མཆོད་པ་བསྙེན་བཀུར་སྦྱིན་གཏོང་བློའི་ར་བ་ལས་བརྒལ་བར་མཛད་ཅིང་ཁུ་དབོན་དམ་པ་རྣམས་ཀྱིས་ཐོག་དྲངས་སྐྱེ་རྒུ་ཐམས་ཅད་ཐུགས་དགྱེས་པ་