[A:༦༣]དང་རངས་པའི་མཆོག་ཏུ་གྱུར་ཏེ། སླར་ཡང་བདག་ཉིད་ཆེན་པོ་རང་ཉིད་ཀྱི་གདན་ས་དཔལ་རྩེ་གདོང་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་བ་ན་ཕེབས་སྐྱེལ་གྱི་རིམ་པའང་ཕེབས་བསུ་དང་འདྲ་བར་མཛད་དེ། རིམ་གྱིས་བསམ་གྲུབ་རྩེར་མི་དབང་སྐུ་མཆེད་ལ་ཆོས་འབྲེལ་སྩལ་ཞིང། དེ་ས་ནས་ཀྱང་བསྙེན་བཀུར་རྒྱ་ཆེན་པོ་མཛད་དེ་ཆོས་གྲྭ་ཆེན་པོ་ཐུབ་བསྟན་རྣམ་རྒྱལ་དུ་ཕེབས་པ་ན་མཁན་སློབ་དགེ་འདུན་རྣམས་ཀྱི་བསུ་བ་དང་བསྙེན་བཀུར་རྒྱ་ཆེན་པོ་མཛད་དེ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཆོས་ཁྲིའི་སྟེང་ནས་རྗེ་བྱམས་པ་རབ་བརྟན་དང། ཀུན་མཁྱེན་ཆོས་འོད་ཟེར་སོགས་མཁས་གྲུབ་འདུས་པ་རྒྱ་མཚོར་དྲག་དམར་གྱི་དབང་སོགས་ཆོས་ཀྱི་སྦྱིན་པ་དང་འབུལ་བ་གནང་སྦྱིན་ཕུལ་དུ་ཕྱིན་པར་མཛད་དེ་གདན་ས་ཆེན་པོ་རྩེ་གདོང་ཉིད་དུ་ཕྱག་ཕེབས་སོ། །
དེ་ལྟར་ཨེ་ཝཾ་པ་ཆེན་པོ་རྗེ་བཙུན་དཀོན་མཆོག་དཔལ་ལྡན་དེ་ཉིད་ལས་དགེ་བསྙེན་དགེ་ཚུལ་གྱི་སྡོམ་པ། བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད། ཀྱཻ་རྡོར་ཡབ་བཀའ་ཡུམ་བཀའི་རྒྱུ་ལམ་དང། བདེ་མཆོག་ལཱུ་ཧི་པ། ཚེ་དཔག་ལྷ་དགུ། མི་འཁྲུགས་ལྷ་དགུ་རྣམས་ཀྱི་དབང་ལམ་ཟབ་བྱིན་རླབས། སྒྲུབ་ཐབས་བརྒྱ་རྒྱམ། གུར་ལྷ་བརྒྱད། ཞལ། དུར་ཁྲོད་བདག་པོ། པུ་ཏྲ། བྲན་བདུད། དཀར་བདུད་རྣམས་ཀྱི་རྗེས་གནང། ལམ་