R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༡
[A:༦༡]སྒྲུབ་མཆོད་དང་བསྐང་གསོ་ལ་སོགས་པའི་རིམ་པ་གང་ཇི་སྙེད་པ་དག་གི་གྲལ་དུ་ཡང་ཕེབས་ཏེ་ཤིན་ཏུ་བྱང་ཆུབ་པར་མཛད། བསྟན་བཅོས་ཆེན་པོ་ཐུབ་པའི་དགོངས་པ་གསལ་བ་ལ་སོགས་པ་ལ་ཐོས་བསམ་ཡང་རྒྱུན་ཆགས་སུ་མཛད་དོ། ། དེ་ནས་སྐབས་ཤིག་རྗེ་བཙུན་བྱམས་པ་རབ་བརྟན་པས་དབུ་མཛད་ཐུབ་བསྟན་རྣམ་རྒྱལ་གྱི་མཁན་སློབ་དགེ་འདུན་དང་བཅས་པ་བསམ་གྲུབ་རྩེར་མཚན་བརྗོད་ལ་ཕེབས་སྐབས། མཁན་ཆེན་དེ་ཉིད་རྩེ་གདོང་དུ་སྤྱན་དྲངས་ནས་འཕེལ་རྒྱས་སུ་བཞུགས་སྐབས། ཡབ་སྲས་རྣམས་ཀྱིས་ཚེ་དཔག་མེད་ལྷ་དགུའི་དབང་དང་གྲུབ་རྒྱལ་མའི་བྱིན་རླབས། ཞག་བདུན་མ་དང་སྒྲ་མི་སྙན་པའི་ཚེ་སྒྲུབ། ལྷ་བརྒྱད་ཀྱི་རྗེས་གནང་རྣམས་གསན། སྲིད་གསུམ་རྣམ་རྒྱལ་གྱི་གྲྭ་རྒྱུན་དུ་དམིགས་པ་དུ་མ་རབ་ཏུ་བྱུང་བར་མཛད། བྱམས་པ་རབ་བརྟན་པས་བདག་ཉིད་ཆེན་པོ་འདིའི་དྲུང་དུ་འཇམ་དབྱངས་དམར་སེར་གྱི་རྗེས་གནང་གསན་པས་སྐུ་ན་ཕྲ་མོ་ལ་ཐུགས་སྤོབས་པ་ཆེན་པོས་གསུང་ཆོས་ཐོགས་མེད་དུ་སྩལ་བ་དེ་ལ་ཡུམ་དགེས་ཏེ་བཞད་ཤོར་བས་དེ་འདྲ་མ་མཛད་གསུང། ཤིང་མོ་བྱ་ལོ་ཁམས་ནས་འབུལ་སྡུད་པ་འཁོར་དང་བསྟུན་རྩེ་གདོང་ནས་ཀྱང་ཡོ་བྱད་བསམ་གྱིས་མི་ཁྱབ་པ་དང་བཅས་ཡབ་སྲས་བཞི་ལ་དགེ་བའི་བཤེས་གཉེན་དུ་མ་དང། དཔོན་སྐྱ་ལས་