[A:༦༣༢]གྲངས་དང་ཚད་ལས་འདས་པ་ཞིག་གསན་པས། བོད་གངས་ཅན་གྱི་ལྗོངས་འདིར་དུས་ཕྱིས་བྱོན་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཞིག་ལ་བདག་ཅག་གི་རྣམ་འདྲེན་དམ་པ་འདི་ཉིད་རང་གསན་རྒྱ་ཆེ་ཞིང་དམ་པའི་ཆོས་མཐའ་དག་གི་བདག་པོ་ལྟ་བུར་གྱུར་ཏེ། རིམ་པ་གཉིས་ལ་ལམ་དུས་སུ་གུས་པ་དང་རྟག་པའི་སྦྱོར་བས་ནན་ཏན་དུ་བསྲུང་སྡོམ་མཛད་པ་ལ་བརྟེན་ནས་རྩ་བ་དང་ཡན་ལག་གི་ཉེས་ལྷུང་ཕྲ་མོས་ཀྱང་མ་གོས་ཤིང་ཐ་མལ་གྱི་ཐུགས་རྟོག་གང་གིས་ཀྱང་རྫི་བར་མི་ནུས་པའི་བསྐྱེད་རྫོགས་ཏིང་ངེ་འཛིན་གྱི་རྒྱུན་བཟང་ལ་དབང་འབྱོར་པ་སོགས་སྡོམ་པ་གསུམ་གྱི་ཐུགས་མཚོ་ལེགས་པར་བལྟམས་པའི་སྒོ་ནས་གསུམ་ལྡན་རྡོ་རྗེ་འཛིན་པ་ཀུན་གྱི་གཙུག་རྒྱན་དམ་པར་གྱུར་ཏོ། །
ཧོར་ཟླ་བརྒྱད་པའི་གཟའ་སྐར་ལེགས་འཛོམ་ཉིན་ནས་དཔལ་ས་སྐྱའི་ངོ་མཚར་རྟེན་བཞིའི་གྲས་རྣམ་རྒྱལ་སྐུ་འབུམ་ལ་ཉམས་གསོ་གསར་པ་ལྟ་བུས་དབུ་བཙུགས་ཏེ། མཆོད་རྟེན་ལ་ས་རྡོའི་ཞལ་གསོ་གང་དགོས་མཛེས་བརླིང་དང་། སྟེང་འོག་གི་ཤིང་སྒྲིག་རྩེར་གསེར་བཟང་ཀྱི་རྒྱ་ཕེབས་ཟུར་དྲུག་པ་གདུགས་འཁོར་ཆར་ཁེབས་ཏོག་བཅས། འོག་སེང་ཁྲིའི་སྟེང་གི་མུ་ཁྱུད་ལ་རྡོ་གཡམ་ཤིང་སོགས་སྒྲིགས་རྒྱུགས་མཛེས་བརྟན། ཉེ་སྐོར་དུ་གཙུག་ལག་ཁང་ཀ་གཉིས་རྣམས་གྲུབ།