R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༣༣
[A:༦༣༣]དགུང་གྲངས་བཅོ་བརྒྱད་པར་རྣམ་རྒྱལ་ལྷ་དགུའི་སྐུ་བརྙན་སོགས་སྐུ་གསུམ་གྱི་རྟེན་ཁ་ཤས་དེར་བཞུགས་པར་གནམ་ས་བར་གསུམ་གྱི་མཆོད་རྫས་སྤྱི་དང་མར་མེའི་རྒྱུན་སྦར་ཡོན་ཆབ་ཞལ་ཟས་མཆོད་རོལ་གྱིས་སྤྲད་པ་འདི་བཞིན་ཕྱག་བཞེས་དུས་ལས་གྲ་ཚུགས་པ་ནས་ནམ་མཁའ་དངས་ཤིང་འཇའ་སྣ་ཚོགས་མེ་ཏོག་གི་ཆར་སོགས་ཀུན་གྱི་མཐུན་སྣང་དུ་གྱུར། ཆུ་སྟག་ལོར་འདྲེན་མཆོག་དམ་པ་འདི་ཉིད་རྡོ་རྗེ་འཛིན་པ་བཅུ་ཕྲག་ལྷག་ཙམ་གྱིས་འཁོར་ཚོགསདང་བཅས་པས། དཔལ་ཀྱཻ་རྡོ་རྗེ་ལ་བརྟེན་པའི་རབ་ཏུ་གནས་པ་སྨིན་རྒྱས་དང་། གོང་དཀར་བ་ཆེན་པོ་བློ་གྲོས་དབང་ཕྱུག་ནས་ཀྱང་རབ་གནས་མཛད། དེ་ནས་བཟུང་ཟླ་རེར་རྣམ་རྒྱལ་སྟོང་མཆོད་བཅས་དང་། ཡང་དེ་སྐབས་ཕུར་བའི་ལྗགས་བསྙེན་ཞིག་ཀྱང་གནང་ཚོད་ཀྱི་སམ་ཊར་རྗེ་ཉིད་ཀྱི་ཕྱག་བྲིས་མ་ཞིག་ལས། ལགས་དཔལ་རྡོ་རྗེ་གཞོན་ནུའི་རྩ་སྔགས་དག་པོ་བགྲང་པའི་འབུམ་ཕྲག་བརྒྱད་དང་། ཡུམ་རང་གི་སྤྱན་གསལ་པོ་རང་ཅིག་ཡོང་བའི་ཕྱིར་དུ་ཀཱི་ལ་ཡ་ཁྲི་ཕྲག་གསུམ་བཅས་ཞུས་ལགས་ཞེས་དང་། ཡང་ཕྱག་བྲིས་ཞིག་ལས་ཆུ་སྟག་ཟླ་བ་གསུམ་པའི་ཚེས་གཉིས་ལ་ཉལ་བའི་རྣལ་འབྱོར་སྐབས་རྨི་ལྟས་སུ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་གཅིག་དང་། རྩེ་ལྔ་པ་གཅིག ལྕགས་ཕུར་གཅིག་བཅས་འགྲུབ་པའི་རྟགས་བྱུང་ལགས་ཞེས་ཡུམ་དྲུང་ལ་འབུལ་བར་