[A:༦༣༦]བསྐྱེད་རིམ་དབང་གོང་མ་གསུམ་དང་འབྲེལ་བའི་གཏུམ་མོ་ཕོ་ཉ། རྦ་རླབས་ཀྱི་འཁྲིད་རྣམས་སྐབས་སུ་བབས་པའི་ལྗགས་བཤད་དང་བཅས་བསྩལ་ཤིང་རྗེས་འབྲེལ་ལམ་ཟབ་བིར་བསྲུང་རྣམས་ཀྱང་བཀའ་དྲིན་ཆེ་བར་བིར་བསྲུང་དུས་སློབ་མ་ཕལ་ཆར་གྱིས་བླ་མ་སྐུ་མདངས་དམར་ཞིང་སྤྱན་ཟླུམ་པ་ཟིལ་ཆེན་རྣལ་འབྱོར་དབང་ཕྱུག་དངོས་ལྟ་བུར་མཐོང་ངོ་། །
དེ་ལྟར་ཟླ་བ་གསུམ་ལྷག་ཙམ་གྱི་རིང་ཆོས་ཀྱི་འཁོར་ལོ་བསྐོར། དེ་སྔོན་ཙམ་ནས་བཟུང་ད་ལྟའི་ཤུགས་ལྡན་རྩལ་འདིའི་ཆོ་འཕྲུལ་གྱི་རྣམ་པས་དངོས་སུ་རྡོ་ཆེ་ཆུང་སྣ་ཚོགས་བསྐྱུར་བ་དང་འགའ་ཞིག་ལ་མཐོང་སྣང་ཉམས་མྱོང་འདྲ་མིན་བྱུང་ཚོད་དུ་འདུག
དགུང་གྲངས་བཅུ་དགུ་པ་ཆུ་ཡོས་ལོར་རྣམ་རྒྱལ་སྐུ་འབུམ་དུ་ཉིན་རེ་བཞིིན་མཆོད་འབུམ་གཟུངས་འདོན་པ་བཞི་སྡེ་འཛུགས་པར་མཛད། སྔོན་བླ་མ་བདག་ཉིད་ཆེན་པོ་དཔལ་ལ་གོང་མའི་ལུང་གི་དཔལ་ས་སྐྱའི་གདན་ས་བཟུང་བའི་གདུང་སྤེལ་བར་མངགས་པ་ན་དཔོན་ཆེན་ཨག་གླན་སོགས་དད་ཅན་རྣམས་ཀྱི་ངོར་བཙུན་མོ་བདུན་བཞེས་པ་ལྟར་དེ་སྐབས་ཆུ་སྟོད་ཟླ་ནང་ཙམ་ལ་བདག་ལ་སྐུ་དྲིན་ཤིན་ཏུ་ཆེ་བའི་མ་དྲུང་བསོད་ནམས་དཔལ་གྱི་དབང་མོ་ཁ་བཞེས་བཀའ་དྲིན་ཆེ་བར་མ་ལགས་དེ་རང་ལ་ལྐོག་གྱུར་རྗེན་གསལ་གྱི་མནལ་ལྟས་འགའ་ཞིག་བྱུང་འདུག་པ་འོག་ཁོ་