[A:༦༤༡]མ་འོངས་པ་ན་གདུང་གི་ལུང་རྒྱུན་ནོད་པའི་ཚེ་གླེགས་བམ་གསར་པ་འདི་མཁོ་ཆེ་བར་འགྱུར་རོ་ཞེས་པའི་ཐུགས་མཁྱེན་ཡིན་བྱས་ཀྱང་ཆོག་གོ །ནག་ཟླའི་ནང་ལྷ་ཆེན་ཁྱམས་སྟོད་བྱང་གི་འཇག་ཁང་དང་། དུས་མཆོད་བླ་བྲང་ཕུ་མདའ་སྡེ་ཡངས་སོགས་ཉམས་བཟོ་དབུ་ཚུགས། དེའི་དབྱར་བསྙེན་རྫོགས་ལས་གྲ་ཞལ་བཀོད་མཐུན་རྐྱེན་བཅས་ཀྱི་སྒོ་ནས་ཆོས་གྲྭ་ལྷོ་བྱང་གི་དགེ་འདུན་འོས་སུ་གྱུར་པ་རྣམས་དགེ་སློང་གི་དངོས་པོར་མཛད་པ་སོགས་བསྟན་འགྲོའི་ཕན་བདེ་སྤེལ་བར་མཛད་དོ། །
ཡང་དེ་དུས་ཐུབ་བསྟན་དགེ་འཕེལ་གྱི་རྗེ་བཙུན་གྲགས་པ་དང་ཚར་ཆེན་སྐུ་དྲུང་ཚེ་སྒྲུབ་དགོས་པ་མནལ་ལྟས་སུ་ཤར་ཡང་ཕེབས་སྐབས་མ་བྱུང་བས་སྐུ་ཚབ་ལས་ཆེན་པ་བསྟན་པ་རབ་རྒྱས་ནས་དེ་བཞིན་ཞུས་དུས་རྨི་ལྟས་སུ་རང་གི་སྙིང་ཁ་ན་རྗེ་འདི་བཞུགས་པར་ཁྱོད་རང་ནས་སྒོམ་པའི་བླ་མ་འདི་ནི་སློབ་དཔོན་པདྨ་དངོས་ཡིན་ནོ་ཟེར་བའི་སྒྲ་ལྷང་གི་ཐོས་པ་ཤར། དེ་སྐབས་ཙམ་ལ་དགེ་འབྲུག་དགོང་རྩེ་མ་མཐུན་པར་ལེག་སྤེལ་དུ་མཛོད་པ་རྫོང་བདའ་གནང་བས་འཕྲལ་འགྲིག་བྱུང་།
དེ་ནས་དགུང་གྲངས་ཉེར་གསུམ་པ་མེ་ལུག་ལོར་ངེད་རང་གི་ཨ་ལྕེ་གཞོན་པ་སངས་རྒྱས་བུ་ཁྲིད་དམ། ཆོས་མིང་ཀུན་དགའ་བསྟན་པའི་སྒྲོན་མེའམ། ཕྱིས་སུ་རྐྱེན་འགའ་ཞིག་གི་མཆོག་གསུམ་