[A:༦༤༣]གནས་ཀྱི་ཆོ་ག་དོན་གཉིས་ལྷུན་གྲུབ་བཞིན་གྱི་མེ་ཏོག་ཀུན་ར་སོགས་གསར་བཀོད་རྣམས་ལ་འཐོར་བར་མཛད། སྒོ་རུམ་དུ་གུར་མགོན་ལ་བརྟེན་པའི་རབ་གནས་སོགས་། ངོ་མཚར་རྟེན་བཞི། སྐྱེད་ལྷས་བྱས་འགྱུར། བསམ་གླིང་སོགས་སུ་སྔ་ཕྱིར་རབ་གནས་ལན་མང་སྩོལ་བའི་ཚེ། བྱས་འགྱུར་དུ་རྗེ་བཙུན་གྲགས་པའི་སྒྲུབ་ཆུ་ལུད་ཅིང་ཡབ་རྗེ་མངྒའི་མཚན་ཅན་གྱི་སྒྲུབ་ཆུ་སྔར་བཞིན་རང་རྡོལ་དང་། གཟིགས་སྣང་དུ་སྒྲུབ་སྡེའི་ལྷོ་ཕྱོགས་རྟག་འཚེར་མའི་ཐད་ཀྱི་ནམ་མཁར་འཇའ་སྤྲིན་གྱི་དབུས་སུ་སློབ་དཔོན་པདྨ་ཡབ་རྗེ་མངྒའི་མཚན་ཅན། རྡོ་རྗེ་གཞོན་ནུ། དཀར་བདུད་གཉིས། ཁྱད་པར་གུར་གྱི་མགོན་པོ་ཉིད་རིང་སྟབས་སུ་ཕེབས་པ་བཅས་གཟིགས་པ་ལས། བླ་མ་གཉིས་ཀྱི་སྐུ་ཡོངས་རྫོགས་གསལ་ཞིང་། གཞན་རྣམས་སྤྲིན་སྦུགས་སུ་བཞུགས་པ་ལྟ་བུའི་ཅུང་མི་གསལ་བ་ཞིག་བྱུང་ཞེས་མཛོད་པ་བཀྲ་ཤིས་དོན་གྲུབ་ལ་གསུངས་ཤིང་། ཕྲུ་མར་ཡང་སྔགས་འཆང་ཆེན་པོས་སྒྲུབ་ཆུ་སོར་ཆུད་སོགས་དགོན་གནས་ཁྱད་པར་ཅན་འདི་འཕེལ་རྒྱས་སུ་མཛད་དོ། །
དེ་ནས་ལྗོངས་འདིར་བསྟན་འགྲོའི་གེགས་ཆགས་ཀྱི་དབུས་གཙང་གཟིར་གོང་ཙམ་ལ་མནལ་ལྟས་སུ་ལྷ་སའི་ཇོ་ཤཱཀ་རིན་པོ་ཆེའི་སྐུ་མདུན་ཆུ་ཀློང་དུ་གྱུར་པ་ལ་ཇོ་བོ་ཞལ་ཕུབ་ཏུ་ལྷུང་ལ་ཁད་པར། ཐུགས་ངལ་བཟོད་མེད་ཀྱི་བརྟན་བཞུགས་མཛད་པས་