[A:༦༥༤]སྐྱོན་མེད་གསུངས། གསུང་ངག་རིན་པོ་ཆེ་སྨིན་གྲོལ་ཆ་ལག་དང་བཅས་པ་མཐར་ཕྱིན་ནས་ཆོས་གྲྭ་ལྷོ་བྱང་གི་དགེ་འདུན་རགས་བསྡུས་ལ་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་ལུང་བཅས་བསྩལ།
དེ་ནས་དགུང་གྲངས་ཉེར་བརྒྱད་དུ་ཕེབས་པ་ཆུ་བྱིའི་དཔྱིད་མཛོད་པ་བསོད་ནམས་དུས་ཡོལ་གྱི་ཉིན་བཞི་ཐོག་བླ་མ་ལྷ་ཁང་གི་ཟངས་དྲའི་ནང་འུག་པ་བྱུང་བ་སོགས་ཐན་ལྟས་ངན་པ་བཟློག་ཕྱིིར་ཕུར་བཟློག་གློ་བུར་དུ་འཕངས། མཛོད་པ་དེ་དུས་ལས་ཡོལ་བར་ཐུགས་ལས་ཤིན་ཏུ་ཆེ་བར། མ་ལགས་དང་བདག་ཅག་སྤུན་ནས་ཐུགས་གསོ་ཞབས་བརྟན་གསོལ་འདེབས་ཞུས་པའི་ཕྱིར་ཕེབས་སུ་ཁོང་ལོ་ལྔ་བཅུ་ཙམ་སྡོད་དགོས་ཡོད་ཀྱང་སོ་བདུན་ལས་མ་ཐུབ་པས་ང་ཡང་དེ་ཙམ་ལས་མི་སྡོད་པ་འདྲ་ཞེས་ཕེབས་པ་ཕྱིས་མངོན་དུ་གྱུར། བྱང་བུ་ལམ་སྟོན་དབུ་མཛད་བཟོད་པ་བཀྲ་ཤིས་ཀྱི་སྤུར་སྦྱོང་གི་ཐོད་པར་ཧཱུྃ་ཡིག་གསལ་ཞིང་འདུས་ཚོགས་ཀྱི་ཀུན་རིག་ཆོ་ག་ཉིན་གསུམ་དང་། ཨེ་ཝམ་ཆོས་ལྡན་སོགས་ལ་བསྙེན་བཀུར། ལོ་ཇའི་འཐེབས་སུ་ཁ་བཏགས་ཌམ་བརྒྱ་སྦྱོར་འཇགས། ད་ལྟ་ལྷ་མཐིལ་རྟེན་གྲས་ཀྱི་དངུལ་གདུང་ཆུང་ངུ་འདི་སོགས་བསྐྲུན་པར་མཛད།
དབོ་ཟླའི་ནང་ཡུམ་དྲུང་བསྟན་འཛིན་བསོད་ནམས་བཟང་མོའི་ཐུགས་བཞེད་དུ་རིན་སྒང་གཙུག་ལག་ཁང་དུ་ར་ས་འཕྲུལ་