R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༥༩
[A:༦༥༩]གཉེར་གཉིས་བཅས་བཅར་བའི་བཀྲ་ཤིས་རྫས་བརྒྱད་ཀྱི་ཤིས་བརྗོད་དང་བཅས་ཀྱི་མཐར་དགའ་སྟོན་རྒྱ་ཆེ་བའི་ཐོག་གཞིས་བྱེས་ནས་ལེགས་འབུལ་བཟོ་རིགས་པ་རྣམས་ལ་གླ་ཡོན་གནང་ཆ་གྱ་ནོམ་གནང་། དེ་དང་རྗེས་འབྲེལ་མོན་ཆུང་པུ་ཏྲ་ཁང་དུ་བསྐང་རྒྱུན་གསར་འཛུགས་ལ་རྗེ་ཉིད་ཕེབས་པའི་ཚེ། སྒོ་རྩར་ཨ་ཙ་ར་གཅིག་འབྱོར་བ་དེས་མཇལ་དར་དཀར་པོ་ཞིག་ཕུལ་བར་བྷ་ལ་ཕྱག་ཕེབས་གསུང་བས། དེས་ཀྱང་རྒྱ་སྐད་དུ་ལན་ཕུལ། གསུང་བསྐང་སྐབས་སྐུ་དྲུང་དུ་འབོད་པ་གནང་རྗེས་ཕོ་བྲང་དུ་འཁྲིད་པར་གནང་བྱུང་བས། གཅེར་བུ་འདོམ་དཀྲིས་རལ་ལྕོག་ཅན་སྔོ་ནག་ལུས་གནད་བཅས་ནས་འདུག་པ་ཞིག་ངེད་རང་ནས་ཀྱང་འཁྲིས་སུ་མཐོང་གནང་ཆ་གཟབ་པར་བསྩལ། ཚུལ་འདི་ནི་པུ་ཏྲ་ཉིད་དངོས་སུ་བྱོན་པ་ཡིན་ནམ་སྙམ་མོ། ། ལོ་འདིའི་ས་ག་ཟླ་ནང་ཁྱད་འཕགས་བྱང་མགོན་ཁང་ན་པུ་ཏྲའི་མདོས་བསྐང་ཚོགས་དབུར་རྗེ་ཉིད་ཕེབས་མུར་ཚེས་བཅུའི་སྔ་དྲོ་ཁ་བ་ཚན་ཆེན་འབབས་པ་དང་ཆབས་ཅིག་ཁོ་བོའི་ནུ་བོ་ཕྱི་མ་ཚངས་མཆོག་གམ། ངག་དབང་ཀུན་དགའ་བསོད་ནམས་མཐུ་སྟོབས་དབང་ཕྱུག་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་འཁྲུངས་པར་ཚེ་དབང་སོགས་བྱིན་རླབས་བསྩལ། དེ་སྐབས་བསྟན་པའི་གེགས་ཆགས་ལྟ་བུ་ཡིན་ནམ་ཕུར་སྒྲུབ་སོགས་ཀྱི་སྐབས་