[A:༦༦༡]བསྐྱང་ཞིང་། མཚན་འབུམ་གསུང་སྒྲོགས་དགེ་འདུན་བཞི་རྒྱུན་ཆོག་དཔོན་སློབ་ཤེས་རབ་འོད་ཟེར་དང་རབ་འབྱམས་པ་བདུན་བཅས་ཀྱི་མཛད་ཅིང་། སྐུ་མཆེད་ནས་བྱང་བུ་ལམ་སྟོན། ཐུབ་བསྟན་མཁན་ཆེན་དེ་ཉིད་ནས་ཀྱང་གསུང་ཆོག་སོགས་གང་འཚམས། འདུས་ཚོགས་ནས་ཀུན་རིག་སྒྲུབ་མཆོད་ཞག་དགུ། གཞན་ཡང་མང་ཇ་མཆོད་འབུལ་སོགས་གཞིས་སུ་སྒྲུབ་འོས་རྣམས་དང་། གོང་ས་རྒྱལ་བ་ཡབ་སྲས་ལ་སྐྱབས་འཇུག་ཞུ་བར་མཛད་པ་སོགས་ཕྱོགས་སུ་སྒྲུབ་འོས་རྣམས་ཚང་མ་མཛད་ཅིང་། ལོ་མཆོད་ཁྲུམས་ཟླའི་ཚེས་འགོར་ཚོགས་ཆེན་ཆོ་གའི་རྒྱུན་འཛུགས་པར་མཛད་དོ། །
རྒྱ་མཚན་དེ་དག་ལ་དཔགས་ན་ཐོག་མར་ཡུམ་དེ་ཉིད་བཅོ་བརྒྱད་ནས་འབྱོན་སྐབས་བཅོ་བརྒྱད་ཆེན་མོའི་གསུང་གོང་དུ་བཀོད་པ་བཞིན་དཀྱུས་མ་དང་མི་འདྲ་བ་ཞིག་སྟེ། རང་ལུགས་བསྟན་པའི་རྩ་བ་དཔལ་ས་སྐྱ་པའི་གདུང་ཆད་ལ་ཉེ་སྐབས་བདག་ཅག་གི་རྣམ་འདྲེན་དམ་པ་དེ་ཉིད་བསྐྲུན་པར་མཛད་པས་ད་ལྟའི་བར་དུ་རྗེ་བཙུན་ས་སྐྱ་པའི་གདུང་བརྒྱུད་ལ་རེ་བ་བྱེད་རྒྱུ་བྱུང་བ་འདི་བཞིན་དང་། རྗེ་དེ་ཉིད་སྐུ་ནར་མ་སོན་པར་ཡབ་རྗེ་གཤེགས་པས་རང་རེའི་ཆོས་སྲིད་ལ་རྒྱའི་སྐོར་ཕྱི་ནང་གང་སར་ཞལ་བཀོད་ཁྱབ་པའི་འཛིན་སྐྱོང་ཡང་དག་དང་། བཀའ་འགྱུར་རིན་པོ་ཆེ་གསེར་