R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༦༣
[A:༦༦༣]གསུངས་བ་བཞིིན་བཀའ་དྲིན་བསྐྱངས་ཏེ་བཞུགས། གཡབ་ཤར་སློབ་གཉེར་ཁང་དུ་སྒེར་ཆོད་ཐོག་ཉིན་རེ་བཞིན་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་དང་ས་སྐྱ་བཀའ་འབུམ་ལྗགས་ལུང་ཁྱུག་ཙམ་རེ་བསྩལ། ལོ་དེའི་ནང་དུ་སྡེ་དགེ་ཆོས་ཀྱི་རྒྱལ་པོ་བསྟན་པ་ཚེ་རིང་ནས་བཀའ་འགྱུར་རིན་པོ་ཆེ་གསར་བཞེངས་ཀྱི་པར་ཕུད་གདན་ས་ཆེན་པོ་འདིར་འབུལ་སྦྱོར་བཀའ་དྲིན་ཆེ་བར་འདུས་ཚོགས་ནས་མཆོད་པའི་ཡོ་བྱད་དུ་མས་སྤྱན་འདྲེན་ཞལ་ཀོད་བཀའ་དྲིན་བསྐྱངས། རྗེ་ཉིད་ལ་སྟོང་འབུལ་དང་། སྡེ་དགེར་བདེ་གཤེགས་མཆོད་རྟེན་བརྒྱད་བཞེངས་རྒྱུའི་ཙན་དན་སྒྲུབ་ཡོན་སྟོང་དངུལ་ལ་ཉེ་བར་ཕེབས་པ་བཞིན་དེ་འཕྲལ་ཐུགས་བརྩོན་གྱིས་བལ་ཡུལ་དུ་དོན་གཉེར་བཀའ་དྲིན་ཆེ་བར་ཙན་དན་སྡོང་དུམ་པང་དུ་ཐེག་ཚད་དུ་མ་འབྱོར་བ་འདི་ཡང་རྗེ་ཉིད་དང་ཆོས་རྒྱལ་དེ་ཉིད་བཅས་ཀྱི་ངོ་མཚར་རྣམ་ཐར་དུ་མངོན་ཞིང་བསྟན་པ་སྤྱི་སྒེར་གྱི་སྐུ་རིམ་དུ་མགོན་པོ་དྲུག་ཅུའི་གཏོར་བཟློག་ཞུ་གནང་བཞིན་ཟོར་ལས་བཀའ་དྲིན་ཆེ་བར་འཕེན་ཉིན་ཚོམས་ཆེན་རྒྱ་མཐོང་ནས་པུ་ཏྲ་དང་བྲན་བདུད་ཡུལ་མི་ལྟ་བ་བཞིན་སྟང་གིས་གཟིགས་པ་ཞིག་དང་། ཕྱིར་ཕེབས་སྐབས་སེང་གེ་སྒོར་སྒོ་མ་སེང་གདོང་མ་ཡུལ་གྱི་གཟིགས་པ་ལྟ་བུ་ཞིག་བྱུང་ཞིང་། སྡེ་དགེའི་སྐུ་ཚབ་བསྟན་པ་བཟང་པོ་དང་